《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
《སྲོལ་ཡིག》སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཨོ་རྒྱན་ཚེ་དར།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་དམིགས་ནས་བཏོན་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པར་ཚད་མཐོའི་ཕྱོགས་བསྡུས་དང་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་གནང་བ་ཞིག་རེད། དེ་ནི་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ལ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཀྱང་རེད། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཟོས་ནས་བཏོན་པ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད་ལ། ཁྲིམས་སྐྱོང་གི་སྒྲིག་སྲོལ་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྣེ་ཁྲིད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
《སྲོལ་ཡིག》ལ་ཁྱོན་ལེའུ་བཅུ་དང་དོན་ཚན་དྲུག་ཅུ་རེ་བརྒྱད་ཡོད་ཅིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་སྤྱི་འདོམས་སུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་གཞི་རྟེན་དུ་བྱེད་པ། སྐྱེ་ཁམས་ཤེས་དཔལ་མ་ལག་གཏོད་རྒྱུ་འདེགས་སྐྱོར་དུ་བྱས་ནས་གྲུབ་ཆ་དང་ནང་དོན་བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་བཏང་བ་དང་། བོད་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཁྱགས་རོམ་དང་། གཙང་པོ་དང་མཚོ། ནགས་ཚལ་དང་རྩྭ་ཐང་བཅས་སྲུང་སྐྱོང་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ། མཚོ་བོད་ས་མཐོའི་དམིགས་བསལ་གྱི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་ཐད་གཏན་འབེབས་བྱས་པ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་ཐང་རྒོད་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། བོད་ཤར་ལྷོའི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་གསོ་སྔོ་འགྱུར་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་བོད་ས་མཐོའི་གཏེར་རིའི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་ཐད་གཏན་འབེབས་བྱས་པ་དེ་ཐོག་ནས་བོད་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད་པ་རེད།
《སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་ནས་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་མང་ཙམ། སློབ་སྦྱོང་གཏིང་ཟབ་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་དམིགས་ནས། སྣེ་ཁྲིད་དེ《སྲོལ་ཡིག》གི་ནང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་རྒྱ་ཁྱབ་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱེད་ཀྱི་ཡོད། གཞན་ཡང་2021ལོའི་ཟླ་དང་པོར《སྲོལ་ཡིག》བཏོན་པ་ནས་ད་བར། རང་ཉིད་ཀྱིས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་རྫོང་དཔོན་དང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་དྲུང་ཆེ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་སོགས་ཀྱི་འགན་ཁུར་མྱོང་ཡོད། འབྲེལ་ཡོད་སྡེ་ཚན་དང་ཏང་ཙུའུ་ཡི་འགོ་གཙོ་དང་པོ་ཡིན་པའི་ངོས་ནས་རང་ཉིད་ཀྱིས《སྲོལ་ཡིག》གི་ནང་དོན་ཏང་ཙུའུ་དང་དེ་བཞིན་སྡེ་ཚན་གྱི་རྒྱུན་གཏན་སློབ་སྦྱོང་གི་ནང་དོན་ནང་བཅུག་ནས་གཅིག་སྡུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཆབས་ཅིག འདི་ལོ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་གྱིས《སྲོལ་ཡིག》གི་ནང་དོན་ཁག་གཅིག་ལས་བྱེད་པའི་ཤེས་རྟོགས་བྱེད་དགོས་པའི་ཡིག་རྒྱུགས་ཀྱི་ཁྱབ་ཁོངས་ནང་བཅུག་ནས་འགོ་ཁྲིད་ལས་བྱེད་པ་ཡོངས་ཀྱིས《སྲོལ་ཡིག》སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། ལྷ་རི་རྫོང་སྨི་ཏི་ཁ་འདམ་ར་2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་པ་དང་། 《སྲོལ་ཡིག》བཏོན་རྗེས་རང་ཉིད་ཀྱིས་འདམ་རའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་དེ“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས”ཀྱི་འཕེལ་རྒྱས་བླང་བྱ་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་འགན་ལེན་བྱས་ཡོད།
གོམ་སྟབས་རྗེས་མར། ངས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས《སྲོལ་ཡིག》སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པ་དང་། མཚོ་བོད་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱ་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན།