འཕེལ་རྒྱས་ལེགས་པས་བདེ་སྐྱིད་ལ་སྤུས་ཚད་ལྡན།
སྤྱི་ཟླ་7པའི་སྦྲ་ཆེན་གྱི་ས་ཕྱོགས་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ལ་ལྟ་སྐབས། དགའ་འོས་པའི་གྲངས་གཞི་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་སྟེ།
2021ལོར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.7ཟིན་པ་དེ་དུས་མཚུངས་ལས་5.83%འཕར་བ་དང་།
གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.51ཟིན་པ་དེ་དུས་མཚུངས་ལས་13.22%འཕར་བ།
གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་ཤོར་ཚད་བརྟག་དཔྱད་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་ཤོར་ཚད་ཐོ་འགོད་5%དང་3%ནང་ཚུན་དུ་སོ་སོར་ཚོད་འཛིན་ཐུབ་པ་སོགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།
འདི་ནི་སྦྲ་ཆེན་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་དཔང་པོ་དང་། རྫོང་ཡོངས་ཀྱི་མི་དམངས་ཀྱིས་ལོ་མང་རིང་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་རེད། ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་ཀྱིས་ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་ཡར་བརྩོན་བྱས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡག་པོ་བྱུང་ཡོད་པ་རེད།
ཁྱད་ལྡན་ཐོན་ལས་བཟང་སྒྲིག་རིམ་སྤོར་བྱས་པ།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་ས་ཁོངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྦྲ་ཆེན་གྱི་འབྲི་གཡག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྦྲ་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཚད་བརྒལ་སར་བརྩིས་པ་དང་ཆབས་ཅིག ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཧོར་སྦྲ་ཆེན་གྱི་མིང་བྱང་ཧུར་ཐག་བཏོད་དེ“ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལམ་བུར་ཡག་པོ་བསྐྱོད་ཡོད་པ་རེད།
སྦྲ་ཆེན་རྫོང་གི་གཞུང་ཁོངས་མ་རྐང་ཚོད་འཛིན་དང་དམངས་གཉེར་མ་རྩ་མ་རྐང་ལ་ཞུགས་པའི་དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཤིག་ཡིན་པའི་ཆ་ནས་བོད་ལྗོངས་སྦྲ་ཆེན་ཆི་ཀྲེན་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སིས་སྦྲ་ཆེན་གྱི་ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པར་འབད་ནས། དེང་རབས་ཁེ་ལས་ཀྱི་གཉེར་སྐྱོང་འདུ་ཤེས་དང་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་སྤྱད་དེ་སྦྲ་ཆེན་གྱི་དབྱར་རྩྭ་དགུན་འབུ་དང་འབྲོག་ལས་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་བརྒྱུད་རིམ་ལྡན་པའི་ངང་གསར་སྤེལ་དང་གཉེར་སྐྱོང་བྱས་ཡོད་པ་རེད།
ཀུང་སིའི་སྦྲ་ཆེན་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཚོམས་ཆེན་དུ་དབྱར་རྩྭ་དགུན་འབུ་དང་། ཚགས་ཤ་སྐམ་པོ། གྲོ་མ་སོགས་ཚོང་ཟོག་བཅུ་གྲངས་ཁ་ཤས་འགྲེམས་སྒྲོམ་ནང་བསྒྲིགས་ཤིང་། “ང་ཚོས་སྦྲ་ཆེན་གྱི་དབྱར་རྩྭ་དགུན་འབུ་དང་སྦྲ་ཆེན་གྱི་འབྲི་གཡག་ཁུངས་འཚོལ་ལས་སྟེགས་ལ་བརྟེན་ནས་སྦྲ་ཆེན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁུངས་བཤེར་ར་སྤྲོད་ལ་ཞབས་འདེགས་ཞུས་པ་ཡིན། མིག་སྔར་ཀུང་སིར་ཐོན་རྫས་རིགས་41ཡོད་པ་དང་། ཕྱོགས་བསྡུས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་886ཟིན་ཡོད། སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཀུང་སིས“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ལ་རོགས་རམ་བྱས་པ་མ་ཟད། ད་དུང་ཀུང་སིས་ས་གནས་དེ་གའི་མཉམ་ལས་ཁང་9ལ་ཐོན་རྫས་སྣ་ཁ་25ཚོང་རོགས་བྱས་པར་ཡོང་འབབ་སྒོར་ཁྲི་120ལྷག་ཙམ་བྱུང་ཡོད”ཅེས་ཀུང་སིའི་འགན་འཁུར་བ་ཀྲང་ཞའོ་ཡུས་ཀྱིས་གསར་འགོད་པར་བཤད་བྱུང་།
དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། སྦྲ་ཆེན་རྫོང་གིས་འདུ་ཤེས་ཟམ་མི་ཆད་པར་གསར་བརྗེ་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱས་པ་རེད། མིག་སྔར། སྦྲ་ཆེན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་སོགས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
2021ལོར། སྦྲ་ཆེན་རྫོང་གིས་ལོ་ཧྲིལ་པོར་ལས་འགོ་བསྐྱར་ཚུགས་རྣམ་གྲངས་ཁག་58ལ་མ་དངུལ་སྒོར་དུང་ཕྱུར་6.71བཏང་ཞིང་། མ་དངུལ་སྒོར་ཁྲི་6252བཏང་ནས་སློབ་གསོའི་རྣམ་གྲངས་ཁག་13ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.13བཏང་ནས་འཕྲོད་བསྟེན་བདེ་ཐང་རྣམ་གྲངས་ཁག་6ལག་བསྟར་བྱས་པ། མ་དངུལ་སྒོར་དུང་ཕྱུར་1.23བཏང་ནས་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཁག་9ལག་བསྟར་བྱས་པ། མ་དངུལ་སྒོར་དུང་ཕྱུར་0.63བཏང་ནས་བོད་སྐྱོར་རྣམ་གྲངས་ཁག་10ལག་བསྟར་བྱས་པ་དང་འབྲེལ། 5Gསྦྲེལ་ཚུགས་8གསར་དུ་བསྐྲུན་པས། འཕྲིན་གཏོང་གི་བརྡ་རྟགས་དང་སྒུལ་བདེའི་དྲ་ཆེན་གྲོང་ཚོ(གྲོང་ལྷན)ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་གཞུང་ལམ་འཛུགས་སྐྲུན་གྱི་ལས་དོན་ཧུར་ཐག་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཀོད་སྒྲིག་ལུགས་མཐུན་བྱས་པས། འགྲིམ་འགྲུལ་ཤར་གཏོང་ཐུབ་ནུས་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྦྲ་ཆེན་རྫོང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་22.7བཏང་བ་དང་། ཤང་དང་གྲོང་རྡལ་10ཚང་མར་སྣུམ་ནག་གཞུང་ལམ་བཏིང་ནས་སྤྱོད་འགོ་ཚུགས་པ། སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ལས་གྲྭ་ཁྱོན་56དང་འགྲིམ་འགྲུལ་རྣམ་གྲངས་ཆུང་གྲས་གཞན་དག་25ལག་ལེན་བསྟར་ཡོད། གཞན་ཡང་གཞུང་ལམ་སྤྱི་ལེ་505བསྐྱར་དུ་བསྐྲུན་ནས་ཤང་དང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད།
དམངས་འཚོ་འགན་ལེན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་མ་ལག་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་ཆབས་ཅིག ཨན་ཧྲན་གྲོང་ཁྱེར་དང་སྦྲེལ་མཐུད་བྱས་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་ཡང་ཧུར་ཐག་སྤེལ་ཞིང་། ཨན་ཧྲན་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཆེད་ལས་ལག་རྩལ་མི་སྣ་16སྦྲ་ཆེན་རྫོང་མི་དམངས་སྨན་ཁང་དུ་ལས་དོན་སྤེལ་བར་མངགས་པ་རེད། མིག་སྔར་ཁུལ་གསར་པའི་རྫོང་མི་དམངས་སྨན་ཁང་80%བསྐྲུན་ཟིན་པ་དང་། སྔོན་དཔག་ལྟར་ན་2023ལོའི་ཟླ་9པར་སྤྱོད་འགོ་འཛུགས་རྒྱུ་མ་ཟད། སྨན་རྩིས་ཁང་དང་བོད་སྨན་སྨན་སྦྱོར་ཁང་སྒྱུར་བཀོད་ལས་གྲྭའང་སྐྲུན་བཞིན་ཡོད་པ་རེད།
མང་ཚོགས་ཀྱི་དགོས་མཁོ་དང་། བསམ་འདུན། རེ་སྒུག་བཅས་ལ་དམིགས་ཏེ། སྦྲ་ཆེན་རྫོང་གིས་སློབ་གསོ་དང་སྨན་བཅོས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོ་འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་སེལ་བ་བཅས་བྱས་ནས། མང་ཚོགས་དེ་བས་མང་བར་སྤུས་ཚད་མཐོ་བའི་སློབ་གསོ་དང་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད་པ་རེད།
“ང་ཚོས‘ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པའི’ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས།‘སློབ་གསོ་ཞིབ་འཇུག་དང་སློབ་ཁྲིད་སྒྱུར་བཅོས་ལོའི’བྱེད་སྒོ་སྤེལ་ཏེ། སློབ་ཚན་དང་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དགེ་རྒན་གྱི་ཆེད་ལས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་ཡོད”ཅེས་སྦྲ་ཆེན་རྫོང་སློབ་འབྲིང་གི་སློབ་སྤྱི་འཇིགས་མེད་ཚེ་དབང་གིས་བཤད།
2013ལོ་ནས་བཟུང་། སྦྲ་ཆེན་རྫོང་སློབ་འབྲིང་གི་ལོ་འཁོར་གྱི་དམའ་རིམ་སློབ་འབྲིང་གི་ཡོན་ཚད་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ཚང་མ་ནག་ཆུ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་པ་དང་། 2019ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། 2021ལོར། རྫོང་ཡོངས་ཀྱིས་མི་ཐེངས་1522ལ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱས་པས་ཞིང་འབྲོག་པ་8465ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་7206བྱུང་ཡོད། གཞན་ཡང་། 2021ལོའི་སྦྲ་ཆེན་རྫོང་གི་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་བས། 2021ལོར་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་100%ཟིན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣