དབུ་ཤོག>ཆེད་སྒྲིག
  • ཁྲི་སྡེ་གྲོང་ཚོའི་ཡུལ་དམག་གིས་མཐའ་མཚམས་ཀྱི་ཁ་བ་བུ་ཡུག་ཁྲོད་ལང་ཚོ་ལེགས་སྐྱེས་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-28

    རྨ་བྱ་ཁ་འབབ་དང་ཆུ་ལག་བྲག་ལྷ་གཙང་པོ་འབྲེལ་མཚམས་ཀྱི་ཁོད་སྙོམས་པའི་མཐོ་སར་གནས་པའི་ཁྲི་སྡེ་གྲོང་ཚོ་དང་སྤུ་ཧྲེང་རྫོང་གྲོང་དབར་གཙང་པོ་གཅིག་གིས་ཆོད་ཡོད། རྒྱང་ནས་བལྟས་ཚེ་གྲོང་མིའི་སྡོད་ཁང་དག་ལྗང་མདོག་གི་ཞིང་ནང་དུ་མུ་ཏིག་གི་ཕྲ་ཚོམ་བཏབ་པ་ལྟར་གནས་ལ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སའི་གཞུང་ལས་ཐོག་ཁང་གི་ཐོག་ཁའི“མཐའ་བརྟན་གྲོང་བརྟན”ཞེས་པའི་ཡིག་འབྲུ་བཞི་པོ་དེ་ཉི་འོད་འོག་བཀྲག་མདངས་དེ་བས་འཚེར། གྲང་ངར་ཆེ་བའི་དགུན་དུས་དང་ཚ་གདུག་ཆེ་བའི་དབྱར་དུས་གང་གི་དུས་སུའང་ཁྲི་སྡེ་གྲོང་ཚོའི་ཡུལ་དམག་བུ་རབས་ཚ་རྒྱུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཡིག་འབྲུ་ཆེན་པོ་བཞི་པོ་དེ་སེམས་ནང་བཅངས་ཏེ་ཞུམ་པ་མེད་པའི་བློ་སྟོབས་དང་སྙིང་རུས་ཆེན་པོས་མེས་རྒྱལ་གྱི་མཐའ་མཚམས་སུ་སྐོར་གཡེང་དང་མཐའ་མཚམས་བསྲུངས་ནས། ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་སུ་ཟངས་གྱང་ལྕགས་རྩིག་གཅིག་བསྐྲུན་ཏེ་ཀྲུང་གོའི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མི་སེར་ཚོའི་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་མཚོན་པར་བྱས་ཡོད།

    མཐའ་སྲུང་འཐབ་ཕྱོགས་དང་པོར་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ།

    གྲོ་སྙེའི་མགོ་ལྕོག་ལྡེམ་པའི་ཞིང་ཁ་དང་དུད་ཁྱིམ་རེ་རེའི་སྒོ་འགྲམ་བར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་བརྒྱུད། སྒོ་ར་ཆེན་པོ་ཡོད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་དཀར་པོ་ཞིག་གི་མདུན་ནས་གསར་འགོད་པར་ལོ་63ལ་སླེབས་པའི་ཡུལ་དམག་རྒན་གྲས་རྡོ་རྗེ་རྒྱལ་པོ་འཕྲད་བྱུང་།

    རྡོ་རྗེ་རྒྱལ་པོས“དུས་རབས་གོང་མའི་ལོ་རབས་70པར་ཡུལ་དམག་གི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བས། གུར་དང་བཟའ་བཅའ་ཚང་མ་རང་ཉིད་ཀྱིས་འཁུར་ནས་རིར་སྐྱེལ་དགོས་པ་དང་། དཀའ་ལས་ཁག་ཚེ་གང་དུ་སླེབས་ཀྱང་དེར་མེ་བཏང་ནས་ཞག་སྡོད་བྱེད་ཀྱི་ཡོད། རིར་བསྐྱོད་ཐེངས་གཅིག་ལ་ཉིན་20ལྷག་ཙམ་འགོར་བ་མ་ཟད། ཁ་གསབ་དངུལ་ཡང་མེད་པར་ཚང་མ་རང་འགུལ་ངང་བསྒྲུབ་རྒྱུ་རེད”ཅེས་བཤད།

    དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་། ད་ཆ་ཡུལ་དམག་ཚོས་ཉེན་ཟོན་སྐོར་གཡེང་དང་བཅའ་སྲུང་བྱེད་སྐབས་ཀྱི་ཆ་རྐྱེན་སྔོན་ཆད་ལས་ལྡབ་འགྱུར་གྱིས་ལེགས་ལ། རྡོ་རྗེ་རྒྱ་མཚོ་ཡང་2018ལོར་བསྐྲུན་པའི་སྨི་ངོས་གྲུ་380ལྷག་ཙམ་ཡོད་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱིས་ཁོང་ཚོར་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་སྒོ་ར་ཆེན་པོ་ཞིག་རིན་མེད་ངང་བསྐྲུན་ཡོད་པ་རེད།

    ཁོང་གིས་མེས་རྒྱལ་ཆེད་ལང་ཚོ་ལེགས་སྐྱེས་ཕུལ་བས་མེས་རྒྱལ་གྱིས་ཁོང་བརྗེད་མི་སྲིད་ལ། ཁོང་གིས་གཟི་བརྗིད་དུས་རབས་དེར་བཞག་པས་དུས་རབས་འདིས་ཀྱང་ཁོང་བློ་ལ་བརྟན་པོར་ངེས་སྲིད།

    “སྒྱིད་ལུག་ཅན”ནས་ཡུལ་དམག་ཏུ་གྱུར་པ།

    ཁྲི་སྡེ་གྲོང་ཚོར་པད་མ་ཚེ་དབང་སྐད་གྲགས་ཆོད་ཡོད།

    ཁྲི་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་བཀྲ་ཤིས་ཀྱིས་སྔོན་མ་པད་མ་ཚེ་དབང་སྒྱིད་ལུག་ཆེ་དྲགས་པས་རང་ཁྱིམ་གྱི་ས་ཞིང་ཡང་མ་བཏབ་པར་ཉིན་གང་ཆང་འཐུང་བརྒྱབ་སྟེ་ལས་ཀ་ངོ་དྲགས་པ་གང་ཡང་མི་བྱེད་པར་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཁོ་ནར་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

    པད་མ་ཚེ་དབང་གི་བསམ་བློར་འགྱུར་ལྡོག་གཏོང་ཆེད། ཁྲི་སྡེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དབུལ་སྒྲོལ་དུད་ཚང་གིས་རེས་མོས་བྱས་ཏེ་ཁྱིམ་དུ་ཁ་ཏ་བསླབ་བྱ་བྱེད་པར་ཐེངས་མང་བསྐྱོད་ཡོད། ལྷག་པར་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་པད་མ་ཚེ་དབང་གིས་གཞི་ནས་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུའི་བསམ་བློ་གཏོང་འགོ་ཚུགས།

    2017ལོར་པད་མ་ཚེ་དབང་གིས་ས་ཞིང་བཏབ་པ་མ་ཟད། ལོ་47ལ་སླེབས་པའི་ཁོང་གིས་ཁྲི་སྡེ་གྲོང་ཚོའི“དཔུང་རྟགས་དམར་པོའི”ཡུལ་དམག་རུ་ཁག་ནང་ལའང་ཞུགས་པས་ཡུལ་མི་རྣམས་ཧང་སངས་ཡོད།

    2017ལོའི་ཟླ་11པར་པད་མ་ཚེ་དབང་གིས་ཡུལ་དམག་རུ་ཁག་དང་མཉམ་དུ་མི་ཚེའི་བཅའ་སྲུང་ས་ཚིགས་དང་པོ་དེར་ཡོང་སྟེ་ལས་ཀ་དང་པོ་དེ་སྒྲུབ་འགོ་བརྩམས། ཁོང་གིས་ས་ཚིགས་སུ་ཡུན་རིང་བཀལ་བའི་རྒྱལ་དར་རྙིང་པ་དེ་མར་ཕབ་ནས་ལུས་སྦྱར་དུ་འཁྱེར་བའི་རྒྱལ་དར་གསར་རྐྱང་དེ་བསྒྲེངས་ནས་ཡུན་རིང་རྒྱལ་དར་ལ་བལྟས་ཏེ་བསྡད།

    “གལ་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་མེད་ན། ང་འཚོ་བ་འཁྱོལ་ཁག་པོ་རེད། དེས་ན་ངས་མེས་རྒྱལ་ལ་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་པ་ཡིན”ཞེས་པད་མ་ཚེ་དབང་གིས་བཤད།

    2017ལོའི་ལོ་མཇུག་ནས་2019ལོའི་ཟླ་6པ་བར། ཟླ་བ་མི་རེ་ངོ་རེར་རི་གཤམ་དུ་ཅ་ལག་ཉོ་སྒྲུབ་དང་གྱོན་གོས་བརྗེ་ལེན་ལེན་པར་ཐེངས་རེ་གཉིས་འགྲོ་བ་ཕུད། དེ་བྱིངས་ཀྱི་དུས་ཚོད་ཚང་མ་ས་ཚིགས་བཅའ་སྲུང་དུ་བསྡད་ནས་དགོངས་པ་ཉིན་གཅིག་ཀྱང་ཞུ་མྱོང་མེད། ཁོང་གིས་དེ་ནི་སྔོན་མ་རྒྱལ་ཁབ་ཀྱིས་ང་རང་བཀའ་བ་ཆེན་པོས་བསྐྱངས་པར་དྲིན་ལན་འཇལ་ཆེད་ཡིན་ཞེས་ཤོད་ཀྱི་ཡོད།

    ལང་ཚོ་མཐའ་མཚམས་ལ་སྐྱེས་སུ་ཕུལ།

    2011ལོར་ལོ་19ལ་སླེབས་ཙམ་ཡིན་པའི་པ་སངས་མེས་རྒྱལ་ལ་དགའ་ཞེན་ཆེ་བས། “དཔུང་རྟགས་དམར་པོའི”ཡུལ་དམག་རུ་ཁག་ནང་དངོས་སུ་ཞུགས། 2019ལོར་སླེབས་སྐབས་གྲོང་ཚོས་ས་ཚིགས་སུ་བཅའ་སྲུང་བྱེད་པར་མངགས།

    “ང་ཚོའི་ས་ཚིགས་ནི་ས་བབ་མཐོ་ཚད་སྨི་4500ཡི་སར་གནས་པ་དང་དེའི་ཉེ་འགྲམ་དུ་ལ་ཉག་མཐའ་མཚམས་ཡོད། དེར་ས་བབ་མཐོ་ཚད་སྨི་5000ལྷག་ཟིན་ཡང་ང་ཚོས་ཉིན་ལྟར་ཉེན་ཟོན་སྐོར་གཡེང་ལ་ཐེངས་གཉིས་ཡན་འགྲོ་བ་དང་ཐེངས་རེར་ཆུ་ཚོད་གསུམ་ཡས་མས་འགོར་གྱི་ཡོད”ཅེས་པ་སངས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས།

    ས་བབ་མཐོ་བ་ཕུད་ཉེན་ཟོན་སྐོར་གཡེང་རྒྱུད་ཀྱི་ས་ཆ་མང་པོ་ཞིག་ལ་ལམ་མེད་པས་གོག་བགྲོད་བརྒྱབ་ནས་འགྲོ་རྒྱུ་ལས་མ་འདས་ཀྱང་ཁོང་ཚོས་མཐའ་མཚམས་ཀྱི་རི་ཀླུང་ཀུན་ཏུ་བསྐྱོད་ཡོད། ཉེན་ཟོན་སྐོར་གཡེང་བྱས་ནས་ལོག་ཡོང་རིམ་བཞིན་ལུས་ལ་རྨས་སྐྱོན་ཕྲན་བུ་ཕོག་ཀྱང་པ་སངས་ཀྱིས་སྣང་བ་གཏན་ནས་གཏོང་གི་མེད།

    པད་མ་ཚེ་དབང་དང་འདྲ་བར་ས་ཚིགས་བཅའ་སྲུང་བྱེད་རིང་པ་སངས་སྤྱིར་བཏང་དེ་ནས་བྲལ་མྱོང་མེད། ལོ་26ནས་30བར་གྱི་མི་ཚེའི་དུས་ཚོད་ཡག་ཤོས་དེ་ས་ཚིགས་སུ་ལེགས་སྐྱེས་ཕུལ་བས། ད་དུང་ཡང་གཉེན་སྒྲིག་བྱས་མེད།

    ལོ་ན་མཐོ་བའི་རྡོ་རྗེ་རྒྱལ་པོ་དང་། ལམ་ནོར་ལྡོག་ཤེས་ཐུབ་པའི་པད་མ་ཚེ་དབང་། ལང་ཚོའི་གཟི་བྱིན་རྒྱས་པའི་པ་སངས་སོགས་ཁྲི་སྡེ་གྲོང་ཚོའི་ཡུལ་དམག་ཚོའི་ལས་དབང་ནི་བཀྲག་མདངས་རབ་ཏུ་འཚེར་བ་ཞིག་མིན་ཡང་ཁོང་ཚོའི་ལྷག་བསམ་ཟོལ་མེད་དང་འགན་འཁྲི་སྒྲུབ་སེམས་དེ་མེས་རྒྱལ་གྱི་ས་གཞི་ཆེ་མོར་གསལ་ལེར་བཀོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།