དབུ་ཤོག>ཆེད་སྒྲིག
  • ཇོ་མོ་གླང་མའི་འདབས་ཀྱི་དགའ་འོས་པའི་དར་རྒྱས་ཀྱི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    ལས་ལ་བརྩོན་པའི་ཇོ་མོ་གླང་མའི་འདབས་ཀྱི་དིང་རི་བ་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་ཅིང་། དཔལ་འབྱོར་ལ་གསོན་ཤུགས་རྒྱས་པ་དང་། རྣམ་པ་གསར་པ། ཁོར་ཡུག་ལེགས་པ། མི་སེར་ཕྱུག་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་དིང་རི་ཞིག་ཇོ་མོ་གླང་མའི་བུ་ཕྲུག་ཚོའི་ཐུན་མོང་གི་འབད་འཐབ་འོག་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་འགྱུར་བཞིན་མཆིས།

    གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་མང་མཉམ་དུ་སྤྱད།

    རྫོང་མཚོ་གྲོང་ཚོར་ཆ་སྙོམས་ས་བབ་སྨི་4380ཟིན་པ་དང་། ལོ་ལྟར་ཐན་སྐྱོན་ཕོག་ནས་ཆར་ཆུ་དཀོན་པ་དང་། བྱེ་རླུང་ཆེ་བ། ཐང་རྒོད་དུ་གྱུར་ཚབས་ཆེ་བ་བཅས་ཀྱི་རྐྱེན་པས་དེ་སྔ་རྫོང་མཚོ་གྲོང་ཚོ་ཤིན་ཏུ་དབུལ་བ་དང་། དབུལ་པོར་གྱུར་ཚད་མང་བ། ཐོན་ཁུངས་དཀོན་པ་བཅས་ཡོད།

    གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། ཉི་ཤར་ཤང་ཏང་ཨུད་དང་། སྲིད་གཞུང་། རྫོང་མཚོ་གྲོང་ཚོའི་ཏང་ཀྲི་པུ་བཅས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱབ་གདལ་བཏང་བའི“གྲོང་ཚོ་རེར་མཉམ་ལས་ཁང་རེའི”རྣམ་གྲངས་གོ་སྐབས་སུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་ཡང་ཡང་བྱས་པ་དང་དོན་དངོས་ལ་གཞིགས་ཏེ“ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར། ཚོང་ལས་འཚམ་སར་ཚོང་ལས”བཅས་ཀྱི་རྩ་དོན་ལྟར། “ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བའི”བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས“ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་དམངས་ཡོངས་མ་རྐང་ལ་ཞུགས་པའི”ལས་ཀའི་བསམ་ཕྱོགས་ལྟར“རྩྭ་ར་དང་། ཕྱུགས་ཟོག ངལ་རྩོལ་ནུས་ཤུགས་བཅས”མ་རྐང་ལ་ཞུགས་པའི་རྣམ་པ་སྤྱད་དེ་2019ལོའི་ཟླ་3ཚེས་16ཉིན་དིང་རི་རྫོང་རྫོང་མཚོ་གྲོང་ཚོའི་གམ་པ་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཞིང་པར་ཡོང་འབབ་འཕར་བ་དང་། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐབས་མང་མཉམ་དུ་སྤྱད་པ་རེད།

    ཕྱོགས་ཁག་གི་འབད་བརྩོན་འོག་མཉམ་ལས་ཁང་ལ་ད་ཡོད་ཀྱི་གཉེར་སྐྱོང་རྒྱུ་ནོར་སྒོར་ཁྲི་230ལྷག་ཙམ་དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་130ལྷག་ཙམ་ཟིན་ནས་མི་9ལ་ཡུན་རིང་ལས་ཞུགས་ཐུབ་པར། མི་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི་2.5ལྷག་ཙམ་ཟིན་པ་དང་གནས་སྐབས་ལས་ཞུགས་མི་སྣ་47ཟིན་པར་མི་རེའི་ཆ་སྙོམས་གླ་ཕོགས་ཡོང་འབབ་སྒོར་3000ཙམ་ཟིན་པ་རེད། 2019ལོའི་ལོ་མཇུག་ཏུ་རྫོང་མཚོ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་19ཡི་མི་55ཚང་མ་དབུལ་པོ་ལས་གྲོལ་བ་དང་། 2021ལོར་མཉམ་ལས་ཁང་གི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་215ཙམ་ཟིན་ནས། གླ་ཕོགས་སྒོར་ཁྲི་30.706སྤྲད་པ་དང་། ལོ་མཇུག་ཏུ་ཁེ་སྤོགས་སྒོར་ཁྲི་35ལྷག་ཙམ་བགོས་པས། མང་ཚོགས་226ལ་ཕན་པ་ཐོབ་པ་རེད། མི་སྒེར་གྱིས་མང་ཤོས་ལ་སྒོར་ཁྲི་1.5ལྷག་ཙམ་བླངས་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བ་རེད།

    མཉམ་ལས་ཁང་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། 2020ལོའི་ཟླ་4པར་མཉམ་ལས་ཁང་ལ་དིང་རི་རྫོང་ཞིང་འབྲོག་པའི་མཉམ་ལས་ཁང་གི་གཟེངས་བསྟོད་ཚོགས་ཆེན་ཐོག་གསོ་སྤེལ་རིགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྫོང་མཚོ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པར་བརྟེན་2020ལོའི་ཟླ་9པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གྲོང་ཁྱེར་བརྒྱ་དང་རྫོང་སྟོང་གྲོང་ཚོ་ཁྲིའི་བརྟག་ཞིབ་བྱ་སྤྱོད”ཀྱི་བྱེད་སྒོའི་གྲོང་ཚོ་རིམ་པའི་བརྟག་ཞིབ་བྱ་ཡུལ་དུ་བདམས་ཤིང་། དེ་ནི་རང་ལྗོངས་ཀྱི་གྲོང་ཚོ་གཅིག་པུ་དེར་གྱུར་བ་དང་2021ལོར་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་བདམས་པ་རེད།

    ལྗང་མདོག་སྐྱེ་ཁམས་ཁྱིམ་གཞིས་མཉམ་དུ་སྐྲུན།

    ཉེ་བའི་ལོ་ཤས་རིང་དིང་རི་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་པོར་བསྲུངས་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་པ་རེད། བུམ་ཆུ་འབབ་རྒྱུད་དུ་རླུང་འཚུབ་ཆེ་བ་དང་། གནམ་གཤིས་ཞན་པ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་སླར་གསོ་སོགས་རྣམ་གྲངས་13ལག་བསྟར་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4.68བཏང་བ་དང་རྒྱ་ཁྱོན་མུའུ་ཁྲི་32.6ཟིན་པ་ལས་རི་རྒྱ་ནགས་གསོ་མུའུ་ཁྲི་28.15བྱས་པ་དང་། མི་ཐབས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་4ཙམ་ཟིན་པ། བྱེ་འགོག་བྱེ་བཅོས་དང་བྱེ་ཕུང་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི་0.45ཟིན་པ་བཅས་རེད། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕྱུགས་བཀག་རྩྭ་གསོའི(ཕྱུགས་བཀག་ར་སྐོར)ལས་གྲྭའི་རྣམ་གྲངས་4ལག་བསྟར་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་6200ལྷག་ཙམ་བཏང་བར་རྒྱ་ཁྱོན་མུའུ་ཁྲི་152ཟིན་ཡོད་པ་རེད།

    དིང་རི་རྫོང་གི་བུམ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བྱེད་པར་གཙོ་བོ་ནགས་བཟོ་སྔོ་འགྱུར་དང་རི་རྒྱ་ནགས་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་ཀྱི་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྡོང་ཕྲུག་གསོན་ཚད་80%ཡན་ཟིན་པ་དང་། བྱེ་འགོག་བྱེ་བཅོས་དང་བྱེ་ཕུང་བཅོས་སྐྱོང་གི་ཕན་འབྲས་ཡག་པོ་ཐོན་ནས་རང་བྱུང་སྔོ་ཁེབས་མངོན་གསལ་དོད་པོས་སླར་གསོ་བྱུང་བ། རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་མཁན་ཁྱོན་མི་ཐེངས་ཁྲི་7.4ཟིན་ནས་ཡོང་འབབ་སྒོར་ཁྲི་2369ཙམ་བྱུང་བ། བུམ་ཆུ་འབབ་རྒྱུད་དུ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་བས་བྱེ་རླུང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་སྐྱེ་ཁམས་རྣམ་པ་རིམ་བཞིན་ལེགས་སུ་ཕྱིན་ཡོད།

    གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར།

    རོང་ཤར་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་ནེ་པ་ལ་དང་ཁྱིམ་མཚེས་རེད། 2015ལོར་ནེ་པ་ལར་ས་ཡོམ་བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁ་ཤས་སུ་ཤུགས་རྐྱེན་ཐེབས་པ་དང་ཧི་མ་ལ་ཡའི་ལུང་ཤུར་ཁུལ་དུ་གནས་པའི་རོང་ཤར་ཤང་ཡང་དེ་ལས་ཐར་ཐུབ་མེད། སླར་གསོ་བསྐྱར་སྐྲུན་དང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད་ད་ཆ་རོང་ཤར་ཤང་གི་རྣམ་པར་འགྱུར་ལྡོག་བྱུང་ཞིང་། རོང་ཤར་ཤང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་3ལ་ཁྱོན་དུད་ཚང་232དང་མི་གྲངས་936ཡོད་པ་དང་ཞིབ་འཇུག་བྱས་པ་བརྒྱུད་དིང་རི་རྫོང་གིས“གྲོང་ཚོ་གསུམ་གཅིག་ཏུ་སྒྲིལ་བའི”ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་བསྐྱར་སྐྲུན་ཇུས་གཞི་ལག་ལེན་བསྟར་ནས་སྲིད་འཛིན་གྲོང་ཚོ་3གཅིག་གྱུར་ཐོག་བསྐྲུན་རྒྱུ་དང་ཚད་གཞི་མཐོ་པོའི་སྒོ་ནས“ཇོ་མོ་གླང་མའི་མཐའ་མཚམས་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་གི་ཁྱད་ལྡན་གྲོང་རྡལ་ཆུང་གྲས”གཏོད་རྒྱུ་རེད། མིག་སྔར་ཤང་ཡོངས་ཀྱི་སྡོད་ཁང་205བསྐྱར་སྐྲུན་བྱེད་སྐབས་ཚང་མར་སྒྲོམ་གཞིའི་གྲུབ་ཆ་སྤྱད་པ་དང་ཁང་དབྱིབས་རིགས་བཞི་ཡོད་ཅིང་། ད་ཆ་ཚང་མར་མི་སྤོས་ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་གྲོང་ཚོ་གསར་པར་འཚོ་བ་གསར་རྐྱང་སྐྱེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།