དབུ་ཤོག>ཆེད་སྒྲིག
  • མཛེས་ཤིང་ཡིད་དུ་འོང་བའི་ཀོང་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-14

    མཁའ་དབྱིངས་ནས་བལྟས་ན་ཀོང་པོ་སྤྱི་གླིང་དེ་སྤྲེལ་རི་དང་ཉང་ཆུ་རང་བྱུང་མཛེས་ལྗོངས་ཁུལ་གཉིས་ཀྱིས་བསྐོར་བ་དང་། ཉིང་ཁྲི་གྲོང་ཁུལ་གྱི་ལྷོ་བྱང་དབུས་སུ་གནས་པ་མ་ཟད། གྲོང་ཁུལ་གསར་རྙིང་གི་དབྱེ་མཚམས་ཤིག་ཀྱང་རེད།

    2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་ཙམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་པོ་སྤྱི་གླིང་དུ་ཕེབས་ནས་སྤྱི་གླིང་གི་སྔོ་འགྱུར་དང་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་རེད། ཉིང་ཁྲི་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཚེ་དབང་དཔལ་ལྡན་གྱི་ཕེབས་རོགས་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་ཀྱིན་གཟིགས་ཀྱིན་དུ་འབྲེལ་ཡོད་གནད་དོན་སྐོར་བཀའ་འདྲི་ཡང་ཡང་གནང་བ་དང་། ཚེ་དབང་དཔལ་ལྡན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དྲི་བ་རེ་རེར་ལན་ཕུལ་བ་རེད།

    སྙན་ཞུར་གསན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ལྕོག་ལྕོག་ཡང་ཡང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལྟེ་བ་ནི་མི་ཡིན་པ་དང་གྲོང་ཁྱེར་གྱི་ལས་ཀ་ཡག་པོ་སྒྲུབ་མིན་དང་། མི་སེར་གྱི་བློ་ཡིད་ཚིམ་མིན། འཚོ་བ་སྟབས་བདེ་མིན་བཅས་ནི་ཤན་འབྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་རེད། མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་གྲོང་ཁྱེར་གྱི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀོང་པོ་སྤྱི་གླིང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.9བཏང་བ་དང་ས་བཟུང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་68ཙམ་ཟིན་ཡོད་ལ། ཉིང་ཁྲི་གྲོང་ཁྱེར་གྱི་2020ལོའི་དམངས་འཚོའི་འདུ་འགོད་ཆེ་གྲས་བཅུའི་གྲས་ཤིག་ཡིན་པ་དང་2020ལོའི་ཟླ་10པར་སྤྱི་དམངས་ལ་དངོས་སུ་སྒོ་མོ་ཕྱེ་བ་རེད། སྤྱི་གླིང་གི་ཤར་ནུབ་རིང་ཚད་སྨི་1495དང་ལྷོ་བྱང་གི་ཞེང་ཚད་སྨི་450ཡོད་པ་གང་ཞིག་གྲོང་ཁྱེར་སྤྱི་གླིང་དང་། བྱིས་པའི་སྤྱི་གླིང་། སྐྱེ་ཁམས་སྤྱི་གླིང་བཅས་བརྗོད་དོན་གཙོ་བོའི་སྤྱི་གླིང་གསུམ་ལས་གྲུབ་པ་དང་། བོད་དང་ལྗོངས་ཡོངས་ཀྱི་ས་བཟུང་རྒྱ་ཁྱོན་ཆེ་ཤོས་དང་། རྩི་ཤིང་རིགས་སྣ་ཕུན་སུམ་ཚོགས་ཤོས། ནུས་པ་ཆ་ཚང་ཤོས་བཅས་ཀྱི་གྲོང་ཁྱེར་གྱི་ལྟེ་བའི་སྤྱི་གླིང་དང་པོ་རེད།

    གྲོང་ཁྱེར་གྱི་སྤྱི་གླིང་སྟེ།

    གྲོང་མིའི་སྤྲོ་གསེང་བྱ་ཡུལ།

    ཉིང་ཁྲིར་གནའ་དུས་སུ“ཀོང་པོ”ཞེས་བརྗོད་ཀྱི་ཡོད། དེ་ནི་ཀོང་པོའི་བོད་རིགས་ཀྱིས་གཙོ་བོ་བྱས་པའི་མི་རིགས་འདུས་སྡོད་ཁུལ་ཞིག་རེད། དེ་གར་བོད་རིགས་ཕུད་ད་དུང་རྒྱ་རིགས་དང་། ལྷོ་པ། མོན་པ། ཏུའུ་ལུང་སོགས་མི་རིགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱི་གླིང་ཐང་ཆེན་དུ་ཕེབས་སྐབས་ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་གིས་སྤྱི་གླིང་དུ་ཐང་ཆེན་ཞབས་བྲོ་འཁྲབ་བཞིན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལུགས་མཚོན་པར་གནང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཕྱོགས་སུ་ཕེབས་པ་མཐོང་སྐབས་ཚང་མར་སྤྲོ་བ་དཔག་མེད་སྐྱེས་བྱུང་། ཐང་ཆེན་ཐོག་གི་མི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་སོང”ཞེས་ཉིང་ཁྲི་གྲོང་ཁྱེར་བུ་བཅོལ་ཁང་གཉིས་པའི་དགེ་རྒན་ལྷག་པ་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་གནས་ཚུལ་དྲན་གསོ་བྱེད་བཞིན་དུ་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེ་སྔའི་གནས་ཚུལ་ལ་དྲན་གསོ་དང་། དེང་གི་སྐོར་གླེང་བ། འབྱུང་འགྱུར་སྐོར་གླེང་བ་བཅས་གནང་བས་ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཆ་དོད་པོར་གྱུར། ཞལ་གྱེས་ཁར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་གླིང་ཐང་ཆེན་ཐོག་ཞབས་བྲོ་འཁྲབ་མཁན་གྱི་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བར་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཇེ་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུས་པ་རེད།

    ལོ་གཅིག་སོང་ཡང་གྲོང་ཁྱེར་སྤྱི་གླིང་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་ཅིང་། སྤྱི་གླིང་དེ་ཉིང་ཁྲིའི་གྲོང་མི་དང་ཡུལ་སྐོར་བ་ཚོས་སྤྲོ་གསེང་ལྟ་སྐོར་དང་ལུས་སྦྱོང་རོལ་རྩེད་བྱ་ཡུལ་དུ་གྱུར་ཡོད།

    “ཉིང་ཁྲི་ནི་ས་ཆ་ཡག་པོ་ཞིག་རེད། རི་ཀླུང་མཛེས་ལ་མི་རྣམས་བཟང་། སྤྱི་གླིང་དུ་སྔོ་ཁེབས་ཀྱིས་ཁེངས་པ་དང་མཁའ་རླུང་གཙང་མ་ཡོད་པས་ངས་རྟག་ཏུ་འདི་གར་ཡོང་ནས་སྦྱོང་བརྡར་བྱེད་ཀྱི་ཡོད”ཅེས་གྲོང་ཁྱེར་སྤྱི་གླིང་གི“འབྲི་ཆུའི་ལྷོ་རྒྱུད་ཀྱི་སྙན་ངག་ཁང”དུ་ཞོགས་པར་ལུས་སྦྱོང་བྱེད་མཁན་གྲོང་མི་སྐུ་ཞབས་ཀྲུའུ་ལགས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད།

    དེ་གར་ཞབས་བྲོ་འཁྲབ་པར་ཡོང་མཁན་གྲོང་མི་ཨ་ཅག་ཀྲེན་ལགས་ཀྱིས“བྱེད་སྒོ་སྤེལ་ཡུལ་གཞན་དང་བསྡུར་ན་གྲོང་ཁྱེར་སྤྱི་གླིང་དུ་ས་རྒྱ་ཆེ་བས་ཐང་ཆེན་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་འཚམ་པོ་འདུག”ཅེས་བརྗོད།

    བྱིས་པའི་སྤྱི་གླིང་སྟེ།

    བྱིས་པའི་སྤྲོ་སྐྱིད་གླིང་།

    “གྲོགས་པོ་ཆུང་ཆུང་ཚོ། འོད་ནི་ཇི་ལྟར་ཁྱབ་པ་ཡིན་ནམ། ང་དང་མཉམ་དུ་ཚོད་ལྟ་འདིར་གཟིགས་དང”ཞེས་བྱིས་པའི་སྤྱི་གླིང་དུ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ལྟེ་གནས་སུ་འགྲེལ་བཤད་པ་འཇམ་དབྱངས་ལྷ་མོས་གྲོགས་པོ་ཆུང་ཆུང་ཚོར“འོད་ཐད་ཀར་ཁྱབ་པའི”རང་བྱུང་སྣང་ཚུལ་ལ་འགྲེལ་བཤད་རྒྱག་བཞིན་མཆིས། གྲོགས་པོ་ཆུང་ཆུང་ཚོས་ནན་ཏན་ངང་ཉན་ཞིང་། སྐབས་འགར་འགྲེལ་བཤད་པར་དྲི་བ་བཏོན་པ་དང་འགྲེལ་བཤད་པས་ངང་རྒྱུད་རིང་པོས་ཚང་མའི་དོགས་གནས་སེལ་རོགས་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ལྟེ་གནས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2723ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་4000བཏང་བ་དང་2021ལོའི་ཟླ་བཞི་པ་ནས་བཟུང་ཚོད་ལྟ་བྱེད་འགོ་ཚུགས་ཡོད། ཚན་རིག་ཁྱབ་གདལ་ལྟེ་གནས་དེ“ལྗང་མདོག་ཁྱིམ་གཞིས”དང་། “ཚན་རིག་བློ་འབྱེད” “ཆ་འཕྲིན་ཚོད་ལྟ་ཁང” “རྒྱལ་ཁབ་ཀྱི་རྣོ་ངར་མཚོན་ཆ” “གནམ་རིག་གི་གསང་བ་འཚོལ་ཞིབ” “མི་ལུས་བདེ་ཐང”བཅས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་ཆེ་གྲས་6དང་། 5Dགློག་བརྙན་བརྙན་འཕྲིན་ཉམས་ལེན་ཁང་1དེ་བཞིན་ནུས་མང་དེབ་ཁང་1 བཅས་ལས་གྲུབ་པ་དང་དེའི་ནང་མཉམ་འགུལ་འགྲེམས་དངོས་60ལྷག་ཙམ་ཡོད་པ་རེད།

    གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ལྟེ་གནས་སུ་ཐེངས་དང་པོར་ཡོང་བའི་མཐུན་སྒྲིལ་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་བསྟན་འཛིན་ལྷ་མོས་གསར་འགོད་པར་དེ་རིང་གློག་དམར་ཆགས་ཚུལ་དང་། འོད་ཀྱི་ཁྱབ་འགྱེད། མི་ཐབས་རིག་ནུས་འཕེལ་རྒྱས། འཇིག་རྟེན་འཕུར་སྐྱོད་དང་མཁའ་དབྱིངས་སོགས་ཀྱི་ཤེས་བྱ་རྟོགས་པ་མ་ཟད། ད་དུང“དོ་སྙོམས་ཚོད་ལེན”དང“ལག་མིག་མཐུན་སྦྱོར”སོགས་ཀྱང་ཉམས་ལེན་ཡང་བྱས་པ་ཡིན། “5Dཉམས་ལེན་ཚོམས་ཆེན”གྱི་རྣམ་གྲངས་ལ་ཧ་ཅང་དགའ་པོ་ཡོད། དམིགས་བསལ་གྱི་མིག་ཤེལ་བརྒྱབ་ཚེ་འཛམ་གླིང་གི་ཡུལ་གྲུར་དངོས་སུ་སླེབས་པ་བཞིན་གོ་ལའི་ཁྱིམ་གཞིས་ཀྱི་བརྗིད་ཉམས་ཆེ་བའི་ཡུལ་ལྗོངས་དང་མུ་མཐའ་མེད་པའི་འཇིག་རྟེན་ཁམས་ལ་མྱོང་རོལ་ཐུབ་ཀྱི་འདུག་པས་དངོས་གནས་ཧང་སངས་སོང”ཞེས་བརྗོད།

    “ཚན་རིག་ཁྱབ་གདལ་ལྟེ་གནས་དེ་ཡོད་པས་ཕྲུ་གུ་ཚོས་སྒོ་འགྲམ་དུ་ཚན་རིག་གི་ངོ་མཚར་དང་གསང་བ་ཉམས་ལེན་བྱེད་ཐུབ”ཅེས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་འགན་འཁུར་བ་ཧོང་ཡིང་གིས་བརྗོད།

    ཉིང་ཁྲི་གྲོང་ཁྱེར་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཀྲི་པོས་གསར་འགོད་པར་སྤྱི་གླིང་གི་འགྲོ་ལམ་དང་སྒྲིག་ཆས་ཚང་མར་འགོག་རྐྱེན་མེད་པའི་ཇུས་འགོད་བྱས་པ་དང་། བྱིས་པའི་བྱེད་སྒོ་སྤེལ་ཡུལ་ཚང་མར་EPDMབཏིང་ནས་གྲོགས་པོ་ཆུང་ཆུང་ཚོ་བརྡབས་སྐྱོན་ཆེན་པོ་མི་ཡོང་བར་བྱས་ཡོད་ལ། ཆེད་ལས་ཀྱི་བདེ་སྲུང་མི་སྣས་ཡུལ་སྐོར་ས་ཁོངས་སུ་སྐོར་གཡེང་བྱེད་ཀྱི་ཡོད་པས་ཕྲུ་གུ་ཚོའི་བདེ་འཇགས་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    སྐྱེ་ཁམས་སྤྱི་གླིང་སྟེ།

    མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས།

    ཀོང་པོ་སྤྱི་གླིང་ནི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཟབ་མོ་ལྡན་པའི་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་ཞིག་ཡིན་པ་དང་། སྤྱི་གླིང་གི་རང་བྱུང་མཛེས་ལྗོངས་ཀྱང་ཧ་ཅང་ཡག་པོ་ཡོད། ས་བཀྲའི་ཐོག་ནས་བལྟས་ཚེ་སྐྱེ་ཁམས་སྤྱི་གླིང་ནི་ཀོང་པོ་སྤྱི་གླིང་གི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཁུལ་ཞིག་ཡིན་པ་དང་སྨི་ངོས་གྲུ་ཁྲི་50.6ཟིན་པ་དེ་བྱིས་པའི་སྤྱི་གླིང་དང་གྲོང་ཁྱེར་སྤྱི་གླིང་གཉིས་བསྡོམས་པ་ལས་ཀྱང་ཆེ་བ་ཡོད། དེ་དང་ཆབས་ཅིག་ཆུ་ཁོངས་ཀྱི་རྒྱ་ཁྱོན་དང་ཡང་ན་སྤང་ལྗོངས་ཁྱབ་ཁོངས་གང་ཡིན་རུང་སྐྱེ་ཁམས་སྤྱི་གླིང་གིས་བསྡུར་ཚད་ཆེན་པོ་བཟུང་ཡོད། “སྐྱེ་ཁམས་སྤྱི་གླིང་ནི་སྐྱེ་ཁམས་འདམ་ར་དང་རིག་གནས་ལ་མྱོང་རོལ་བྱེད་སའི་རྩི་ཤིང་གི་བང་མཛོད་ཅིག་རེད”འཆར་འགོད་ཐད་ནས་སྤྱི་གླིང་གིས་མི་རྩ་བར་འཛིན་པའི་འདུ་ཤེས་བཅངས་ནས་མི་རིགས་ཀྱི་རིག་གནས་དེ་རང་བྱུང་སྐྱེ་ཁམས་ཀྱི་ཁྲོད་མཉམ་འདྲེས་བྱས་པས། ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་མ་ཟད་གྲོང་མི་དང་ཡུལ་སྐོར་བར་ཕན་བདེ་ཡང་བསྐྲུན་ཡོད་ཅེས་ཚེ་དབང་དཔལ་ལྡན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།

    ཉིན་ལྟར་གྱི་དགོང་མོའི་ཆུ་ཚོད་9དང་ཕྱེད་ཀ་ཙམ་ལ་རོལ་དབྱངས་གྲགས་པ་དང་བསྟུན་ནས་སྐྱེ་ཁམས་སྤྱི་གླིང་དུ་ཚོན་མདོག་རྣམ་པར་བཀྲ་བའི་འོད་ཕུང་དལ་གྱིས་ལམ་ལམ་འཚེར་ཞིང་ཉམས་འགྱུར་སྣ་ཚོགས་མངོན་པས་ཡུལ་སྐོར་བ་དག་ལ་ལྷའི་ཡུལ་དང་རྨི་ལམ་གྱི་ཞིང་ཁམས་ལ་སླེབས་པ་ལྟ་བུའི་སྣང་བ་སྦྱིན་ལ། དེ་ནི་སྐྱེ་ཁམས་སྤྱི་གླིང་གི་ཉམས་དགའ་བའི་ཡུལ་ལྗོངས་རེད། ཆུ་རྒྱུན་འཕྱུར་འཇགས་དང་བསྟུན་ནས་མཚེའུ་འགྲམ་དུ་གནས་པའི“ཉི་མའི་བཞུགས་ཁྲིར”གློག་འོད་སྤར་ནས་མཚན་མོའི་མཁའ་དབྱིངས་ཀྱང་ཡོངས་སུ་ཉིན་མོ་ལྟར་གསལ་ལྷང་ངེར་འགྱུར།

    “མཚན་མོའི་མཛེས་ལྗོངས་ནི་སྐྱེ་ཁམས་སྤྱི་གླིང་གི་བཀྲག་མདངས་འཚེར་ཤོས་ཤིག་ཡིན་པས་ཚང་མས་དེ་གར་མཚན་ལྗོངས་ལ་པར་ལེན་བྱེད་རྒྱུར་དགའ་པོ་ཡོད” ཅེས་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་ཡུལ་མི་པད་མ་ཟླ་བས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞེས་གསུངས། གླེང་རིན་ཡོད་པ་ཞིག་ནི་སྐྱེ་ཁམས་སྤྱི་གླིང་གི་སྤྱི་ཡོངས་ཇུས་འགོད་དང་། བཀོད་པ་དང་དེ་བཞིན་འཇིམ་བརྐོས། བཟོ་དབྱིབས་སྣ་ཚོགས་བཀོད་སྒྲིག་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་བརྗོད་དོན་གཙོ་བོ་གང་སར་མངོན་ཞིང་། དེའི་ནང་སྐད་གྲགས་ཆེ་ཤོས་ནི“མི་རིགས་མཐུན་སྒྲིལ་ཐང་ཆེན”གྱི་འཇིམ་བརྙན་དེ་རེད།

    “མི་རིགས་མཐུན་སྒྲིལ་ཐང་ཆེན”གྱི་འཇིམ་བརྙན་དེ་ཀོང་པོ་སྤྱི་གླིང་གི་ལྟེ་བར་ཀྲོང་ངེར་གནས་པ་དང་། འཇིམ་བརྙན་ཧྲིལ་པོར་མཐོ་ཚད་སྨི་14ཡོད་པ་དེ་ལས་ཀྲུང་གོ་བ་དུང་ཕྱུར་14མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་མཚོན་ཞིང་། དར་དམར་འཇིམ་བརྐོས་ཀྱི་མཐོ་ཚད་ལ་སྨི་7.1ཟིན་པ་དེ་ལས་ཟླ་7ཚེས་1ཉིན་ཏང་གི་འཁྲུངས་སྐར་ཡིན་པ་མཚོན་པ་དང་། ཞབས་མཐིལ་ནས་མིའི་གཟུགས་བརྙན་གྱི་སྟེང་བར་སྨི་5.6ཡོད་པ་དེ་ལས་མི་རིགས་56སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་མཚོན། ས་ངོས་ནས་ཞབས་མཐིལ་བར་མཐོ་ཚད་སྨི་0.7ཟིན་པ་དེ་ལས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)བདུན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དུ་འགྲོ་བ་མཚོན་བཞིན་ཡོད་པ་རེད།

    ད་ཆ་ཉིན་ལྟར་ས་སྲོས་སུ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མང་པོ་སྐྱེ་ཁམས་སྤྱི་གླིང་དུ་ཡོང་ནས་ལུས་སྦྱོང་དང་། འཆམ་འཆམ། ཞབས་བྲོ་རྒྱག་པ་སོགས་ཀྱི་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།