དར་རྒྱས་ལམ་བུར་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་འཕེལ།
2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱང་ལམ་གསར་པར་བསྐྱོད་པ་རེད།
2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས་ཏེ་ཀ་ལ་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོར་གཏོང་སོགས་བྱས་པའི་སྐོར་གྱི་ངོ་སྤྲོད་གསན་པ་མ་ཟད། གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང“ལྗང་མདོག་དངུལ་ཁང”གི་ཅ་དངོས་བརྗེ་ལེན་ཚོང་ཁང་དང་འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཚོའི་རྡོ་གཅལ་ལམ་བརྒྱུད་ངེད་ཁྱིམ་གྱི་སྒོ་ཁར་ཕེབས་པ་མཐོང་སྐབས་ང་ཚོ་ནང་མི་ཚང་མ་དགའ་ཚོར་ཆེན་པོ་སྐྱེས་བྱུང” སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རང་གི་ཁྱིམ་དུ་ཕེབས་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་གྲོང་མི་ཟླ་བ་རྒྱལ་མཚན་ལ་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་ཀྱི་ཡོད། ཟླ་བ་རྒྱལ་མཚན་གྱིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་བསུ་ཞུས་ཏེ་ཁྱིམ་དུ་གདན་དྲངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉལ་ཁང་དང་། ཐབ་ཚང་། མཛོད་ཁང་། གསང་སྤྱོད་སོགས་ལ་ཞིབ་ཕྲ་གཟིགས་པ་མ་ཟད། ཁོང་ཚོའི་ནང་མི་དང་མཉམ་དུ་ཚོམས་ཆེན་དུ་བཞུགས་ཏེ་ཅི་འཕྲོས་མོལ་འཕྲོས་ཀྱང་གནང་། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་བགོ་འགྲེམས། ས་ཞིང་བརྒྱུད་བཤུག འདེབས་འཛུགས་དང་གསོ་ཚགས་བཅས་ལས་ཡོང་འབབ་གང་མང་བྱུང་བ་དང་། ན་ནིང་ཁོ་ནར་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཞེས་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
“སྣ་མང་ཐོན་ལས”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུགས་ལ་བཅངས་པ་དང་མཐའ་མཚམས་དང་གྲོང་གསེབ་དར་རྒྱས་ཐུགས་ལ་འཆང་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དྲིན་ཚོར་ཡར་བརྩོན་དང་། དཔའ་ངར་ཆེན་པོས་འགག་སྒྲོལ། གྲོང་གསེབ་དར་རྒྱས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ཡོད། 2021ལོར་ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དུད་ཚང་4467གྱི་མི་18597གྱི་དབུལ་ལོག་གི་ཉེན་ཁ་བསལ་བ་རེད། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་100འཛུགས་སྐྲུན་བྱེད་འགོ་བཙུགས་ནས་རོགས་སྐྱོར་རྣམ་གྲངས་2126ལག་ལེན་བསྟར་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་6172ཟིན་པ། གྲོང་གསེབ་དུད་ཚང་གི་གསང་སྤྱོད་ཁྲི་4.66སྒྱུར་བཀོད་བྱས་པ། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་120བསྐྲུན་པ། ནས་ཀྱི་སོན་བཟང་དང་ཕྱུགས་རིགས་རྒྱུད་བཟང་ཁྱབ་ཚད་90%དང་32%ཡན་སོ་སོར་ཟིན་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས“སྣ་མང་ཐོན་ལས”འཕེལ་རྒྱས་ཤུགས་ཆེན་བཏང་བ་ནི་བོད་ཀྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོ་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་ཀྱི་ཞབས་རྗེས་དེད་དེ་སླར་ཡང་བཅར་འདྲིར་སྐྱོད་སྐབས། ཉང་ཆུ་གཙང་འགྲམ་དང་རྒྱལ་ལམ་318ལམ་རྒྱུད་དུ་དམར་སྐྱའི་རང་མདངས་གསལ་བའི་ཁམ་བུའི་མེ་ཏོག་དང་ས་ལེ་སྦྲམ་གྱི་མདངས་ལ་ཁུ་བའི་པད་ཁའི་མེ་ཏོག་རྣམས་གཡུ་ཡི་གཞོང་པ་འདྲ་བའི་ཞིང་ཐང་དང་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གནས་པ་དེས་མཚར་སྡུག་རྣམ་པར་བཀྲ་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཤིག་གྲུབ་ནས། ཀ་ལ་བའི་བཞིན་གྱི་འཛུམ་མདངས་དང་ལྷན་དུ་གྲོང་གསེབ་དར་རྒྱས་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་ཉམས་སྣང་ལྷམ་མེར་མངོན་འོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་དང་ཐུགས་རེ་ཟབ་མོ་ལས་གྲོང་ཚོ་ཡོངས་ཀྱི་མི་རྣམས་ལ་ཐུགས་ཁུར་གང་ལེགས་ཚོར་ལ་ལྕག་སྐུལ་ཟབ་མོའང་ཐེབས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་པ་གསར་འགོད་པར་གསལ་པོར་ཚོར་བྱུང་།
2013ལོའི་གོང་དུ་ཀ་ལ་གྲོང་ཚོ་དེ་སྐད་གྲགས་མེད་པའི་རི་གྲོང་ཆུང་ངུ་ཞིག་ཡིན་ཞིང་། གྲོང་ཚོའི་བཀོད་པ་བཙོག་ཟིང་ཆེ་ལ་ཕག་པ་དང་བ་ཕྱུགས་གང་སར་གློད་ཀྱི་ཡོད། མ་གཞི་རི་སྐྱེས་ཁམ་སྟོང་1200ལྷག་གི་ཐོན་ཁུངས་བཟང་པོ་ཡོད་ཀྱང་རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ནུས་པ་ཆ་ཚང་པོ་མེད་པ་སོགས་ཀྱི་རྐྱེན་པས། ཁམ་བུའི་ཡུལ་སྐོར་གྱི་དཔལ་འབྱོར་དེ་ཙམ་འཕེལ་རྒྱས་མ་ཕྱིན་པར་ལོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ཡང་ཟིན་གྱི་མེད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་སྐད་གྲགས་མེད་པའི་རི་གྲོང་ཆུང་ངུ་ཀ་ལ་དེ་ཉིད་ད་ཆ་ཡུལ་སྐོར་གྲོང་ཚོ་དང་། འབྱོར་ཕྱུག་གྲོང་ཚོ། བདེ་སྐྱིད་གྲོང་ཚོ་བཅས་སུ་གྱུར་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་གཟིགས་ཞིབ་གནང་བར་ཕེབས་པས་ཀ་ལ་གྲོང་ཚོ་དེ་ཉིད་དྲ་ཐོག་ཏུ་སྐད་གྲགས་ཡོད་པའི་གྲོང་ཚོར་གྱུར་ནས་དྲ་གྲོགས་ཚོས་དེར་དབེན་པའི་སྐྱེད་ཚལ་ཞེས་སུ་འབོད་པ་དང་ས་ཕྱོགས་ཁག་ནས་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་དུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་ཀ་ལ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞི་དང་ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་རང་ངོས་ཀྱི་ལེགས་ཆ་དང་། སྐྱེ་ཁམས་ཀྱི་ལེགས་ཆ། བོད་སྐྱོར་གྱི་ལེགས་ཆ་བཅས་གང་ལེགས་བཏོན་ཏེ་གྲོང་གསེབ་ཡུལ་སྐོར་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་གྲོང་མི་བདམས་ནས་ཡུལ་སྐོར་ཉམས་ལེན་རྣམ་གྲངས་གཉེར་དུ་བཅུག་སྟེ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།
2021ལོར་ཀ་ལ་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་10བགོ་འགྲེམས་བརྒྱབ་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་ཏེ་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པས་ཡོང་འབབ་སྒོར་ཁྲི་380ལྷག་ཙམ་བྱུང་ཡོད། གྲོང་མིས་མ་དངུལ་སྒོར་ཁྲི་50རང་གྲབས་བྱས་ཏེ་མུའུ་100ལྷག་ཙམ་ཟིན་པའི་ལྟ་སྐོར་སྔོག་འཐུའི་ལྡུམ་ར་བསྐྲུན་པས་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5བྱུང་བ་དང་ས་ཞིང་མུའུ་100ལྷག་ཙམ་བརྒྱུད་བཤུག་བཏང་བར་མུའུ་རེ་ནས་ཆ་སྙོམས་བོགས་དངུལ་སྒོར་1300ལྷག་ཙམ་བྱུང་སྟེ་ཁམ་བུའི་མེ་ཏོག་གླིང་གི་མཛེས་ལྗོངས་ཁུལ་གཙོ་བོ་དང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ལྟ་སྐོར་ལྡུམ་ར་མཉམ་གཉེར་གྱི་ཐོན་ལས་ཆེན་པོ་གསུམ་བཏོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉིན་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། 2021ལོར་ཀ་ལ་གྲོང་ཚོར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1262.3བྱུང་སྟེ་དུས་མཚུངས་ལས་13.2%འཕར་བ་དང་། དུད་ཚང་33གྱི་གྲོང་མི་152ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ཟིན་ནས་དུས་མཚུངས་ལས་12.9%འཕར་ཡོད་པ་རེད།
“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང”གིས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་དེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད། ཡུལ་མི་རྣམས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་ལ། ཁྱེད་ཚོ་རང་ཉིད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད།
2022ལོའི་ཟླ་4ཚེས་21ཉིན་གསར་འགོད་པ་བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོར”སྐྱོད་སྐབས་ཉེ་དུས་གསར་དུ་བཟོས་པའི“སྤྱི་ཁྱབ་ཧྲུའུ་ཅི་དང་ང་ཚོ་མཉམ་དུ་གནས”ཞེས་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཉམ་འབྲེལ་འགྲེམས་ཁང་གིས་ཡིད་དབང་རྦད་དེ་འཕྲོག་བྱུང་། འདི་ག་ནས་ང་ཚོས་ཀ་ལ་གྲོང་ཚོས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་འཛིན་གྱི་བྲག་ཅ་ཟབ་མོ་གསལ་པོར་ཐོས་བྱུང་།
“མཐུན་སྒྲིལ་ལ་བསྔགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་ནི་བྲག་ཡིབ་ཆུས་ཀྱི་གྲོང་ཚོ་རིམ་པའི་འགྲེམས་སྟོན་ཁང་དང་པོ་དེ་རེད། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་250ཟིན་པ་དང་། མཛེས་སྡུག་ལྡན་པའི་ཀ་ལ་གྲོང་ཚོ་དང་། མཐུན་སྒྲིལ་ཆེ་བའི་ཀ་ལ་གྲོང་ཚོ། བདེ་སྐྱིད་ལྡན་པའི་ཀ་ལ་གྲོང་ཚོ་བཅས་གསུམ་ལ་ཕྱེ་ཡོད། འགྲེམས་ཁང་གི་རྨང་གཞིའི་སྒྲིག་ཆས་ཡག་པོ་བསྐྲུན་པ་དང་དུས་མཚུངས་ལག་རྩལ་ལའང་སྣང་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་བྱས་ཁར། པར་རིས་རྙིང་པ་ཉམས་བཟོ་དང་། དངོས་པོ་རྙིང་པ་འགྲེམས་སྟོན། བརྒྱུད་ལམ་སྣེ་མང་གི་བརྙན་ལམ་འགྲེམས་སྟོན་མ་ལག གློག་རྡུལ་ཕྱོགས་བསྡུས་བྱེ་གཞོང་། དམར་ཕྱིའི་འོད་ཐིག་གི་ཚོར་སྐྱེན་གློག་སྒྲོན་སོགས་ཀྱི་ཐབས་མང་སྤྱད་དེ་གསར་བརྗེའི་རྟེན་གཞིའི་དངོས་པོ་དང་རྣམ་པ་མཐོང་ཐུབ་ལ་བསམ་བློ་དང་སྙིང་སྟོབས་ཀྱང་མཐོང་ཐུབ་པའི་འགན་ལེན་བྱས་ནས་གསར་བརྗེའི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པར་བྱས་ཡོད།
འགྲེམས་ཁང་དེ་འདི་ལོའི་ཟླ་3ཚེས་20ཉིན་སྒོ་ཕྱེ་བ་དང་། མིག་སྔར་རིམ་ཁག་གི་ལྟ་སྐོར་ལས་དོན་ཚོགས་ཆུང་ཁག་ཐེངས་40ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་སྣེ་ལེན་ཞུས་པའི་མི་གྲངས་མི་ཐེངས་4000ལྷག་ཙམ་ཟིན་ཡོད།
གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་འོག་ཀ་ལ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་རྣམ་པར་བཀྲ་བར་འགྱུར་བཞིན་ཡོད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀ་ལ་གྲོང་ཚོའི་མང་ཚོགས་ཚོས་ས་ཞིང་མང་པོ་ཞིག་ཧོ་ནན་དང་སི་ཁྲོན་སོགས་ནས་ཡོང་བའི་ཚལ་འདེབས་ཞིང་པར་བོགས་མར་བཏང་ཞིང་། ཀ་ལ་གྲོང་ཚོའི་གྲོང་མི་དང་ཉེ་འཁོར་གྱི་ཚལ་འདེབས་ཞིང་པའི་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ལ་ཁོང་ཚོའི་དབར་བརྩེ་དུང་ཡང་ཟབ་མོ་ཡོད་པས། ཀ་ལ་གྲོང་ཚོའི་མང་ཚོགས་ཚོའི་སྐོར་གླེང་སྐབས་ཚལ་འདེབས་ཞིང་པ་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཚལ་འདེབས་ཞིང་པ་ཝུའེ་ཆུན་དང་ཧྥན་ཤན་ཧྭ་བཟའ་ཚོས་“ཀ་ལ་གྲོང་ཚོའི་བདེ་འཇགས་ཡག་པོ་ཡོད་ལ་གྲོང་མི་ཚོའང་གནས་ལུགས་ཤེས་མཁན་ཤ་སྟག་རེད”ཅེས་བསྔགས་བརྗོད་བྱེད་པ་དང་། ཚལ་འདེབས་ཞིང་པ་ཀྲང་ཁོ་དང་ཀུའོ་ཞུའེ་དབྱིང་བཟའ་ཚོས་ཀྱང“ཀ་ལ་གྲོང་ཚོའི་མི་སེར་རྣམས་ཚལ་ཞིང་དུ་ཡོང་རིམ་བཞིན་ཤ་དང་ཤིང་འབྲས་འཁྱེར་ཡོང་གི་ཡོད་པ་མ་ཟད། ད་དུང་ང་ལ་བ་ཕྱུགས་གཅིག་སྟེར་བྱུང་། ང་ཚོས་ཀྱང་ཁོང་ཚོར་དུས་རྒྱུན་ནས་ཚལ་སྟེར་གྱི་ཡོད་པས་འབྲེལ་བ་ཡག་པོ་ཡོད”ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད”ཅེས་གསུངས་པ་དེ་སྔ་ས་ནས་ཀ་ལ་གྲོང་ཚོའི་དོན་དངོས་ལ་གྱུར་ཡོད།
“ལྗང་མདོག་རྒྱུགས་ལན”གྱིས་གྲོང་གསེབ་དར་རྒྱས་ལ་སྲུང་སྐྱོང་བྱས་པ།
2021ལོའི་ཟླ་7ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་ཕེབས་ནས་དམངས་ཕན་ཞབས་ཞུ་ལྟེ་གནས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་། གྲོང་ཚོའི་ཆེད་བསྐོས་ལས་བྱེད་པ་ཡེ་ཤེས་ཆོས་སྒྲོན་གྱིས“ལྗང་མདོག་དངུལ་ཁང”གི་ཅ་དངོས་བརྗེ་ལེན་ཚོང་ཁང་གི་འདུ་ཤེས་དང་གཉེར་སྐྱོང་བྱེད་སྟངས་སྐོར་གྱི་ངོ་སྤྲོད་ཞིབ་ཕྲ་གསན་གནང་བ་རེད།
ཡེ་ཤེས་ཆོས་སྒྲོན་གྱིས“ངས་ངོ་སྤྲོད་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ལྕོག་ལྕོག་ཡང་སེ་གནང་ནས‘ཁྱེད་ཚོས་ལས་ཀ་ཡག་པོ་བྱས་འདུག མུ་མཐུད་འབད་བརྩོན་གྱིས་ཤིག’ཅེས་འཛུམ་དམུལ་དམུལ་ངང་གསུངས་བྱུང”ཞེས་དྲན་གསོ་བྱེད་བཞིན་བཤད།
ལྕག་སྐུལ་དང་སྤོབས་སེམས་ཆེན་པོ་བཅངས་ཏེ་ཕྱོགས་ཁག་གི་དོ་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཕྱིར་ལྟ་སྐོར་དང་སློབ་སྦྱོང་ལ་ཕྱིན་པ་བརྒྱུད“ལྗང་མདོག་དངུལ་ཁང”གཞི་རྟེན་དུ་བྱས་ནས་གད་སྙིགས་གཙང་སེལ་རིགས་དབྱེ་བྱེད་སྟངས་ཀྱི་རིམ་པ་སྤྱི་ཡོངས་ནས་སྤར་ཡོད། 2022ལོར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་དང་འབྲེལ་མཐུད་བྱས་ཏེ“ལྗང་མདོག་དངུལ་ཁང”གི་སྐར་གསོག་ལམ་ལུགས་གསར་དུ་བཏོན་ནས་གྲོང་མིར་ལྗང་མདོག་ཡིད་རྟོན་ཡིག་ཚགས་ཏེ“ལྗང་མདོག་དངུལ་རྩའི་སྐར་གསོག་བང་རིམ”བཙུགས་པ་དང་། སྐར་མ་མདུན་གྲལ་དུ་སླེབས་པའི་གྲོང་མིས་ཞིང་ལས་དངུལ་ཁང་གི“ཞིང་ཕན་eདངུལ་བུན”ཁྲོད་ནས་ཡིད་རྟོན་འཕར་ཐབས་བྱེད་ཆོག་པ་མ་ཟད། ཞིང་དུད་ཀྱི་ཆ་འཕྲིན་ཡིག་ཚགས་བཟོ་བ་དང་། ཡིད་རྟོན་རིམ་པ་ཞིབ་དཔྱད་གཏན་འཁེལ། དངུལ་བུན་གྱི་གྲངས་འབོར་མང་དུ་གཏོང་བ་སོགས་དངུལ་རྩའི་ཞབས་འདེགས་སྔོན་ལ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
“ལྗང་མདོག་དངུལ་ཁང”ནི་གདོད་མའི་སྐྱེ་ཁམས་དང་དེང་རབས་ཀྱི་རྣམ་པ་མཉམ་འདྲེས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོའི་ཟླ་1ཚེས་4ཉིན་ལས་གཉེར་བྱེད་འགོ་བཙུགས་པ་ནས་ད་བར“ལྗང་མདོག་དངུལ་ཁང”གི་ཅ་དངོས་བརྗེ་ལེན་ཚོང་ཁང་གིས་བསྡོམས་སྐར་མ་ཁྲི་26ལྷག་ཙམ་བརྗེས་པ་དང་གྲོང་མི་ཚོར་རིན་ཐང་བསྡོམས་འབོར་སྒོར་2600ལྷག་ཙམ་ཟིན་པའི་ཚོང་ཟོག་སྣ་ཚོགས་བརྗེས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་2021ལོར་ལྗོངས་ཡོངས་ཀྱིས་ཀ་ལ་གྲོང་ཚོ་དང་འདྲ་བར་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་དེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།
མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཅས་སུ་བཏོད་དེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་ཟིན་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་བསྡུར་གྲངས་100%ཟིན་པ། དཔེ་སྟོན་རྫོང(ཆུས)གི་བསྡུར་གྲངས་20%ཡན་ཟིན་པ་བཅས་ཀྱི་འགན་ལེན་བྱེད་བཞིན་ཡོད་པ་མ་ཟད། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་དང་བྱང་ཐང་གི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཏེ་འཛམ་གླིང་དུ་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པའི་བརྩོན་ལེན་བྱེད་བཞིན་ཡོད།