ལང་ཚོར་བརྟེན་ནས་ས་མཐོར་ཕུགས་འདུན་དོན་གཉེར་བྱེད།
2011ལོའི་ཟླ་7ཚེས་18ཉིན། སྐབས་དེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་རིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་ཆེད་མངགས་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་མི་རིགས་ཁག་གི་དགེ་སློབ་དང་ལས་བཟོར་གཟིགས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མཐོ་རིམ་སློབ་གསོའི་ལས་དོན་ལ་ཐུགས་ཁུར། བོད་ཀྱི་གཞོན་ནུར་གཟིགས་སྐྱོང་བཅས་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མཐོ་རིམ་སློབ་གསོའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་བཅས་བྱུང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་རྨང་གཞི་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
བློ་མཐུན་ཞི་ཅིན་ཕིང་གི་བཀའ་སློབ་ཉན་མྱོང་བའི་མཐོ་སློབ་ཀྱི་དགེ་སློབ་འཐུས་མི་དང་ན་གཞོན་སློབ་མ་ཚོས་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ་དང་འབད་འབུངས་མདུན་སྐྱོད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྐུལ་ལྕག་འོག་ཁོང་ཚོས་རང་ཉིད་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ལས་དབང་དང་བོད་ཀྱི་འཕེལ་རྒྱས་དང་དམ་པོར་སྦྲེལ་ནས་ལྷག་བསམ་རྣམ་དག་དང་ལག་ལེན་གསེར་ལས་ལྷག་པར་བརྩིས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་བརྩོན་བྱེད་པའི་བོད་ཀྱི་གཞོན་ནུའི་ཉམས་འགྱུར་མངོན་པར་བྱས་ཡོད།
ཚན་རིག་ཞིབ་འཇུག་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ།
2011ལོའི་ཟླ་7ཚེས་18ཉིན། བློ་མཐུན་ཞི་ཅིན་ཕིང་དང་བཅས་པ་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་ཐོག་སོ་གཉིས་པའི་ཚོམས་ཆེན་བོད་རིག་པའི་བསྟན་བཅོས་ཁང་དུ་ཕེབས་ནས་ཞིབ་འཇུག་པ་ཤེས་རབ་བཟང་པོས་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་བསྟན་བཅོས་སྐོར་ངོ་སྤྲོད་བྱས་པ་གསན་པ་རེད། ཁོང་གིས་ཐང་རྒྱལ་རབས་ཀྱི་འབྲེལ་ཡོད་ཆོས་ལུགས་བསྟན་བཅོས་དང་འཇིག་རྟེན་པའི་ལུགས་ཀྱི་ཚད་ལྡན་ཡིག་ཆ“ཕུ་རིའི་ཡིག་ཚངས”མྱུར་སྐྱོབ་དང་ལེགས་སྒྲིག་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། བོད་ཡིག་གི་བསྟན་བཅོས་ཞིབ་འཇུག་དང་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་དོན་སྔར་བས་ཡག་པོ་བསྒྲུབ་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།
བློ་མཐུན་ཞི་ཅིན་ཕིང་གིས“‘ཕུ་རིའི་ཡིག་ཚངས’མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པ་ནི‘བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི’དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད། ཁྱེད་རྣམ་པས་མུ་མཐུད་ནས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆར་ཞིབ་འཇུག་ཧུར་ཐག་བྱས་ཏེ་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཡག་པོ་བྱ་རྒྱུའི་རེ་བ་ཡོད”ཅེས་ནན་བཤད་གནང་བ་རེད།
བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་ཉན་བཞིན། ཤེས་རབ་བཟང་པོར་སེམས་འགུལ་ཆེན་པོ་ཐེབས། ད་ཆ་ཤེས་རབ་བཟང་པོ་ནི་བོད་ལྗོངས་སློབ་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་པ་དང་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་། མྱུར་སྐྱོབ། ལེགས་སྒྲིག ཞིབ་འཇུག སྲུང་སྐྱོབ་བཅས་བྱ་རྒྱུ་དེ་རེད།
ཤེས་རབ་བཟང་པོས་བོད་ཡིག་དཔེ་རྙིང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། འབོར་ཚད་མང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ཀྲུང་ཧྭའི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཚད་ལྡན་ཡིག་ཆའི་བསྟན་བཅོས་དེ་དག་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་ཤེས་དཔལ་ཤུལ་བཞག་དེ་དག་ཞིབ་འཇུག་དང་བེད་སྤྱོད་ཡག་པོ་གཏོང་བ་ནི་ཀྲུང་གོའི་སྙིང་སྟོབས་དར་སྤེལ་དང་ཀྲུང་གོའི་རིན་ཐང་བརྒྱུད་སྤེལ་བྱེད་པའི་དུས་རབས་ཀྱི་བརྗོད་གཞི་ཞིག་ཡིན་པ་དང་། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དེ་ནི་དོན་སྙིང་ཟབ་མོ་ལྡན་པའི་བྱ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཤེས་རབ་བཟང་པོས། མིག་སྔར་བོད་ལྗོངས་སློབ་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་སུའོ་ཡིས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་དཔེ་ཆ་པོ་ཏི་6000ལྷག་ཙམ་ཉར་ཚགས་བྱས་ཡོད་ཅིང་། མང་ཆེ་བ་ནི་ཤིང་པར་དང་། དེབ་བྲིས་མ། དཔེ་རྙིང་རྩ་ཆེའི་དཔར་མ་བཅས་ཡིན། ནང་དོན་ཐད་ནང་བསྟན་གྱི་བསྟན་བཅོས་དང་། མཚན་ཉིད་རིག་པ། གསོ་བ་རིག་པ། རྩོམ་རིག སྒྱུ་རྩལ། སྐད་བརྡ་རིག་པ། གཏན་ཚིགས། གནམ་དཔྱད་རིག་པ། སྐར་རྩིས་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རབ་བཟང་པོས། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་མྱུར་སྐྱོབ་བྱེད་པ་ནི་དུས་རབས་ཀྱིས་དཀྲིས་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཕུལ་བྱུང་གི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་དང་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་ངས་སྣེ་ཁྲིད་དེ་མི་དེ་བས་མང་བར་ཤུགས་རྐྱེན་དང་སྐུལ་ཁྲིད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
“ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་འཕེལ་རྒྱས་ཆེད་དུ་ཕུགས་བསམ་ལྡན་པའི་གཞོན་ནུ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་དོན་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཁྲོད་རྩ་བ་ཚུགས་པར་བྱས་ཏེ་མེས་རྒྱལ་འཛུགས་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས”ཞེས་ཤེས་རབ་བཟང་པོས་བརྗོད།
གཞི་རིམ་དུ་གཞི་ཚུགས་ནས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བྱས་རྗེས་འཇོག་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་སྐབས་སུ་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཐག་ཉེ་པོ་འདི་འདྲ་ནས་གཙོ་འཛིན་མཇལ་བ་དང་ཁོང་གི་བཀའ་སློབ་ཉན་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལ་འཁོར་མྱོང་མེད” ལོ་11སོང་ཡང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་བ་ཚེ་གཡང་ལ་སྐབས་དེ་དུས་ཀྱི་གནས་ཚུལ་སྔར་བཞིན་བློ་ལ་གསལ་པོར་ངེས་ཀྱི་ཡོད།
སྐབས་དེ་དུས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གསར་འགྱུར་ཚན་ཁག་བོད་སྐད་རླུང་འཕྲིན་གཙོ་སྐྱོང་ཆེད་ལས་སྦྱོང་བཞིན་པའི་ཚེ་གཡང་གིས“དེ་ཉིན་2011ལོའི་ཟླ་7ཚེས་18ཡིན་པ་དང་ཆར་པ་སིམ་སིམ་ཞིག་བབས་སོང་། ངས་ཆེད་མངགས་བོད་ཆས་ཚོས་གཞི་དམར་པོ་ཞིག་གྱོན་ཡོད”“སྤྱི་ཁྱབ་ཧྲུའུ་ཅི་སྤྱི་པའི་རྩིས་རྒྱག་འཕྲུལ་འཁོར་ཁང་དུ་དལ་བུར་ཕེབས་སྐབས། དེ་གར་ཡོད་པའི་མི་ཚང་མ་ཧ་ཅང་དགའ་པོ་བྱུང་ཡོད”“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སློབ་སྦྱོང་ཧུར་ཐག་དང་། དུས་སྐབས་བཟང་པོར་གཅེས་སྤྲས། འཇོན་ཐང་ངོ་མ་དང་ཤེས་བྱ་ཡོན་ཏན་སྦྱོང་བ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མེས་རྒྱལ་གྱི་ཚད་ལོན་པའི་ཤུལ་འཛིན་པ་དང་འཛུགས་སྐྲུན་པ་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བྱུང”ཞེས་སྤོབས་པ་ཆེན་པོས་བཤད།
བློ་མཐུན་ཞི་ཅིན་ཕིང་གིས་ད་དུང་ཚེ་གཡང་ལ་སློབ་གྲྭ་ཐོན་རྗེས་ཀྱི་འཆར་གཞི་བཀའ་འདྲི་གནང་ཞིང་། ཚེ་གཡང་གིས“ང་ད་ལྟ་རང་ཉིད་ཀྱིས་སྦྱོང་བའི་ཆེད་ལས་ལ་ཧ་ཅང་དགའ་པོ་ཡོད། སློབ་གྲྭ་ཐོན་རྗེས་གཙོ་སྐྱོང་བ་ཞིག་བྱས་ནས་རང་ཉིད་ཀྱི་སྐད་སྒྲར་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དེ་བས་མང་བ་ངོ་སྤྲོད་བྱེད་འདོད་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ལན་བརྒྱབ།
ལོ་11གི་རིང་རྩ་ཆེའི་ཉམས་མྱོང་དེས་ཚེ་གཡང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཀྱི་ཡོད། ད་ཆ་ཁོ་མོ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ནས་སྨྱན་སྦྱོར་གྱི་གཙོ་སྐྱོང་བ་ཞིག་ཏུ་གྱུར་ཡོད།
ཚེ་གཡང་དང་མཉམ་དུ་ད་དུང་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2008ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་སྐབས་དེ་དུས་ཀྱི་སློབ་གྲྭའི་སློབ་མའི་ཚོགས་པའི་ཀྲུའུ་ཞིའི་འགན་འཁུར་བཞིན་པའི་མིག་དམར་ཚེ་རིང་ཡོད་པ་རེད།
སློབ་གྲྭ་ཐོན་རྗེས་མིག་དམར་ཚེ་རིང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་སུ་བདེ་བླག་ངང་ལས་ཀར་ཞུགས་ནས་ད་ཆ་ཚན་པས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྐྱིད་གྲོང་ཤང་མཁར་ཆུང་གྲོང་ཚོར་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་བར་མངགས་པ་རེད།
རྟོག་ཞིབ་གནང་བའི་ཉིན་དེར་བློ་མཐུན་ཞི་ཅིན་ཕིང་གིས་ཚང་མར་བོད་དུ་གཞི་ཚུགས་པ་དང་ཞིང་འབྲོག་ཁུལ་དུ་ཧུར་ཐག་བསྐྱོད་དེ་མེས་རྒྱལ་དང་བོད་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བློ་སྟོབས་ལ་ཞུན་བརྡར་དང་། འཇོན་ཐང་ཆེ་རུ་གཏོང་བ། བྱས་རྗེས་འཇོག་པ། མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས། དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ང་ཚོས་ཕུགས་བསམ་ལྡན་པ་དང་། འཇོན་ཐང་ལྡན་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་གཞི་རིམ་དུ་གཞི་ཚུགས་པ་དང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་ནི་ཁྱེད་ཚོའི་དོར་ཐབས་མེད་པའི་འགན་འཁྲི་དང་ལས་འགན་རེད་ཅེས་ལྕག་སྐུལ་གནང་། བྱམས་བརྩེའི་བཀའ་མོལ་ལས་མིག་དམར་ཚེ་རིང་དང་སློབ་གྲོགས་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
མིག་དམར་ཚེ་རིང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་ལྕག་སྐུལ་དང་སློབ་སྟོན་འོག་2012ལོའི་ཟླ་7པར་སློབ་གྲྭ་ཐོན་རྗེས་ངས་སློབ་གྲྭར་སྡོད་པའི་གོ་སྐབས་དོར་ནས་གཞི་རིམ་དུ་གཞི་ཚུགས་པ་དང་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ཐེངས་དྲུག་བྱས་པ་ཡིན”ཞེས་བཤད།
གྲོང་ཚོར་བཅའ་སྡོད་བྱེད་རིང་། མིག་དམར་ཚེ་རིང་གིས་གཞི་རིམ་མང་ཚོགས་དང་འབྲེལ་གཏུག་སྤེལ་རེས་གཏིང་ཟབ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཡོད།
མིག་དམར་ཚེ་རིང་གྲོང་ཚོར་བཅའ་སྡོད་ཐེངས་དྲུག་བྱས་རིང་གྲོང་སྡོད་ཐེངས་གསུམ་གྱི་ས་ཆའི་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཡོད། “རང་ཉིད་ལ་དཀའ་ངལ་འཕྲད་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་དྲན་པས་སྟོབས་ཤུགས་ཀྱིས་ཁེངས་ཀྱི་འདུག”ཅེས་མིག་དམར་ཚེ་རིང་གིས་བཤད།
ལོ་བཅུའི་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ལས་མིག་དམར་ཚེ་རིང་གི་དཔེ་ཆ་བའི་ཉམས་འགྱུར་རིམ་གྱིས་ཡལ་ཡང་ཏན་ཏན་ཏིག་ཏིག་གི་ངར་ཤུགས་འཕེལ་ཡོད།
“བོད་དུ་གཞི་ཚུགས་པ་དང་། ཞིང་འབྲོག་ཁུལ་དུ་ཧུར་ཐག་སྐྱོད་པ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྐྱོད་པ་བཅས་བྱས་ནས་བློ་སྟོབས་ལ་ཞུན་བརྡར་དང་། འཇོན་ཐང་ཆེ་རུ་གཏོང་བ། བྱས་རྗེས་འཇོག་པ། མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས”མིག་དམར་ཚེ་རིང་དང་ཚེ་གཡང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཡོད།
སློབ་མ་ཚོས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་སློབ་སྦྱོང་ཁྲོད་འཚར་ལོངས་དང་། ལག་ལེན་ཁྲོད་སྦྱོང་བརྡར། མེས་རྒྱལ་གྱི་མཐའ་མཚམས་སུ་གཞི་ཚུགས་པ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། མི་སྒེར་གྱི“དོན་ཆུང”མེས་རྒྱལ་གྱི“དོན་ཆེན”ནང་མཉམ་འདྲེས་བྱས་ནས་དུས་རབས་དང་མཉམ་སྐྱོད་དང་། མེས་རྒྱལ་དང་བློ་སེམས་གཅིག་མཐུན། ཕུགས་བསམ་མཉམ་གནས་བཅས་བྱས་ཡོད།
མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ་བཏོན་པ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པར་སྐུ་ངོ་མ་ཞུགས་ནས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་སྐབས་སུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་ཕྱག་བྲིས་ཕྱག་བསྟར་མ་གནང་བའི་རྟེན་འབྲེལ་སྒོ་བན་དང་། འཕྲིན་ཡིག་སྤྲིངས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་སྤེལ་འགོ་ཚུགས་པར་རྟེན་འབྲེལ་ཞུས་གནང་བ། བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་པ། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 2020ལོར་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྐུ་ངོ་མས་འཕྲིན་ལན་སྤྲིངས་པ། 2021ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སེམས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་དམངས་དང་དམ་པོར་འབྲེལ་ཡོད།
བོད་ལྗོངས་སློབ་ཆེན་སློབ་གསོ་སློབ་གླིང་གི་ཧྲུའུ་ཅི་ཀྲོའུ་ནཱ་ནི་2011ལོར་བོད་ལྗོངས་སློབ་ཆེན་མི་དོན་ཁྲུའི་དགེ་རྒན་ཁོའོ་ཡི་ཁོའོ་ཀྲང་རེད། ཁོང་གིས“ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཚང་མར‘བོད་ལྗོངས་སློབ་ཆེན་ཡག་པོ་གཉེར་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ད་ཆ་ཧ་ཅང་ཡག་པོ་གཉེར་འདུག ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་རེད། ཁྱེད་ཚོས་ཀྱང་ཡང་འབད་བསྐྱར་འབད་བྱེད་དགོས’ཞེས་གསུང་གི་འདུག་ལ། ལོ་བཅུ་ཕྲག་ཁ་ཤས་རིང་བོད་ལྗོངས་སློབ་ཆེན་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་རྒྱུན་འཛིན་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་དང་བདེ་སྡུག་མཉམ་མྱོང་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་ཡར་རྒྱས་ཕྱིན་ནས་བོད་ལ་ཚད་དང་མཐུན་པའི་འཛུགས་སྐྲུན་ཤེས་ལྡན་མི་སྣ་དང་རིམ་ཁག་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ཀྱང་གསུང་གི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ཉེ་བའི་ལོ་ཤས་རིང་བོད་ལྗོངས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་ཡག་པོ་གཉེར་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དེ་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དང་ཟུང་འབྲེལ་གྱིས“ཁྱད་ལྡན་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་དར་རྒྱས་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་བ། སྒོ་དབྱེ་བྱས་ནས་སློབ་གྲྭ་གཉེར་བ། རྒྱུན་མཐུད་འཕེལ་རྒྱས་གཏོང་བ”བཅས་ཀྱི་སློབ་གཉེར་གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས“བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གནས་ཐུབ་པ”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དེ་ནི་རྒྱལ་ཁབ་ཀྱི“211འདུ་འགོད”ཀྱི་གཙོ་གནད་འཛུགས་སྐྲུན་སློབ་ཆེན་དང་། འཛམ་གླིང་གི་རྩེར་སོན་རིག་ཚན་འཛུགས་སྐྱོང་གི་མཐོ་སློབ། པུའུ་དང་རང་སྐྱོང་ལྗོངས་ཀྱིས་མཉམ་དུ་བསྐྲུན་པའི་མཐོ་སློབ་བཅས་ཡིན་པས་བོད་ཀྱི་མཐོ་རིམ་སློབ་གསོའི་དར་ཆ་ལྟ་བུར་གྱུར་ཡོད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་པར།“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་བོད་ཀྱི་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་གྲྭར་ཞུགས་ཚད་56.14%ཟིན་ནས་རྒྱལ་ཡོངས་དང་མཉམ་དུ་མཐོ་རིམ་སློབ་གསོ་ཁྱབ་གདལ་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པ་རེད། 2020ལོའི་ལོ་མཇུག་བར་བོད་ཀྱི་མཐོ་སློབ་ཏུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་41694ཡོད་པའི་ནང་འབུམ་རམས་པའི་ཞིབ་འཇུག་སློབ་མ་200དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་2938 དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་མ་27012 ཆེད་ལས་ཚན་ཁག་དཀྱུས་མའི་སློབ་མ་11544བཅས་ཡོད་པ་རེད།
དེ་ནི་ཏང་གི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བའི་ར་སྤྲོད་གསར་པ་ཞིག་རེད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་གཞོན་ནུ་ཚོས་བསྐལ་བ་བཟང་པོ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་ངེས་རེད།