ནུས་ཤུགས་ཡོད་རྒུས་རྒྱལ་སའི་འཕེལ་རྒྱས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད།
འདི་ནི་པེ་ཅིང་དང་ཧང་ཀྲོའུ་ཡི་མིས་བཟོས་གཙང་པོའི་པེ་ཅིང་དུམ་བུ་ཡིན་པ།
“རྒྱལ་ས་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་རེད” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་པེ་ཅིང་ལ་རྟོག་ཞིབ་ཐེངས་10དང་པེ་ཅིང་གི་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་ཐེངས་18གནང་བ་མ་ཟད། “རྒྱལ་ས་གང་འདྲ་ཞིག་བསྐྲུན་དགོས་པ་དང་རྒྱལ་ས་ཇི་ལྟར་བསྐྲུན་དགོས་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་གཏིང་ཟབ་བསྐྱོན་ཏེ་དུས་རབས་གསར་པའི་རྒྱལ་སའི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། པེ་ཅིང་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འཐབ་ཧུར་ཐག་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་པེ་ཅིང་ས་གཞི་ཆེ་མོའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་སའི་འཕེལ་རྒྱས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།
རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་དགོས།
ནན་ལུའོ་ཀུའུ་སྲང་ལམ་ནི་པེ་ཅིང་གི་སྐད་གྲགས་ཆེ་བའི་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཡིན་པ་དེར་སྲང་ལམ་16ཡོད་པ་དང་། སྲང་ལམ་དེ་དག་ཉ་རུས་ལྟར་གྲལ་སྟར་འགྲིག་པོས་ཤར་ནུབ་ཕྱོགས་སུ་གྱེས་ཤིང་། ཡུས་ཨེར་སྲང་ལམ་ནི་ནན་ལུའོ་ལུའུ་ཀུའུ་སྲང་ལམ་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། 2014ལོའི་ཟླ་2ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གུ་དོག་པའི་སྲང་ལམ་དེ་བརྒྱུད་ཡུས་ཨེར་སྲང་ལམ་གྱི་སྒོ་རྟགས་ཨང་29པ་དང་ཨང་30པའི་ནང་སྡོད་མཁན་ཀྲོང་པའོ་སོགས་གྲོང་མི་དུད་ཚང་4ཡི་ཁྱིམ་དུ་དམངས་འཚོར་རྟོག་ཞིབ་དང་བདེ་སྡུག་བཀའ་འདྲི་གནང་བར་ཕེབས།
ཀྲོང་པའོ་ས་སྐྱེས་རྡོ་སྐྱེས་ཀྱི་པེ་ཅིང་བ་ཞིག་ཡིན་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་གླེང་མོལ་བྱེད་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན“ཚེ་གང་བརྗེད་ཐུབ་པ་མི་འདུག སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྒོ་རར་ཕེབས་ཀྱི་རེད་བསམ་མ་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར‘ཡོང་འབབ་ག་ཚོད་ཡོད་དམ’‘གསང་སྤྱོད་ཐག་རིང་པོ་ཡོད་དམ’ཞེས་འཚོ་བའི་གནད་དོན་བཀའ་འདྲི་གནང་བྱུང”ཞེས་བརྗོད། ཀྲོང་པའོ་སྡོད་སའི་སྒོ་རྟགས་ཨང་30པའི་སྒོ་ར་དེ་ཡོན་རྒྱལ་རབས་སྐབས་བསྐྲུན་པ་ཞིག་ཡིན་ཞིང་། དེའི་ནང་གྲོང་མི་དུད་ཚང་14སྡོད་ཀྱི་ཡོད་ལ། ཁྱིམ་ཚང་མང་པོ་ཞིག་མི་རབས་གཉིས་དང་མི་རབས་གསུམ་ཁང་མིག་གཅིག་ནང་མཉམ་དུ་སྡོད་ཀྱི་ཡོད།
“གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་སྐབས། བསམ་འཆར་དང་བླང་བྱ་མང་པོ་ཡོད་ལ། ལས་འབོར་ཡང་ཆེ་བས། འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་དགོས། ཚང་མས་བསམ་ཤེས་མང་ཙམ་དང་རྒྱབ་སྐྱོར་མང་ཙམ་བྱས་ནས་མཉམ་དུ་སྲིད་གཞུང་ལ་རོགས་རམ་བྱས་ཏེ་མང་ཚོགས་ཆེད་སྒྲུབ་པའི་བྱ་བ་ཡག་པོ་སྒྲུབ་དགོས” སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་དང་མཛུབ་སྟོན་གལ་ཆེན་པེ་ཅིང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འོས་འགན་དང་འགན་འཁྲིར་གྱུར།
གྲོང་ཤར་ཆུས་ཀྱིས་ཕུའུ་ཞང་དང་། སུའོ་དབྱི། ཡུས་ཨེར། མའོ་ཨེར་བཅས་སྲང་ལམ་བཞིར་བཅོས་སྒྲིག་འཚོལ་ཞིབ་ཏུ་བྱས་ཏེ། “གནས་སྤོ་དང་། བཅོས་སྐྱོང་། སྲུང་སྐྱོང་། འཛུགས་སྐྲུན། དོ་དམ། གཉེར་སྐྱོང”བཅས་ཀྱི་བསམ་ཕྱོགས་ཕྱོགས་སྡོམ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྲང་ལམ་1000ལྷག་ཙམ་ལ་བཅོས་སྒྲིག་ལས་དོན་རིམ་གྱིས་སྤེལ། ཕུའུ་ཞང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཏེ་ཆིང་གིས་རིག་དངོས་ངོས་འཛིན་ཞིབ་ཕྲ་བྱུང་ལ། རྙིང་པ་ལྟར་ཉམས་གསོ་བྱས་པ་དང་། གློག་སྐུད་ས་འོག་སྦས་ནས་མཐོང་རྒྱ་ཆེ་རུ་ཕྱིན་པ། “གསང་སྤྱོད་གསར་བརྗེ”དང་གད་སྙིགས་རིགས་དབྱེ་ཞིབ་ཚགས་བྱས་པ་ལས་ཁོར་ཡུག་མཛེས་སུ་ཕྱིན་ཡོད། སྒོ་འགྲམ་དུ་ལྗོན་ཤིང་དང་མེ་ཏོག་བཏབ་པས་ཡུལ་ལྗོངས་མཛེས་སུ་ཕྱིན་པ་དང་ཁང་པའི་ནང་གློག་ཆས་སྣ་ཚོགས་ཡོད་པས་སྲང་ལམ་གྱི་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད་ཅེས་བརྗོད།
པེ་ཅིང་གི་གྲོང་ཁུལ་རྙིང་པ་ནི། རང་རྒྱལ་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་འབའ་ཞིག་དེ་ཡིན་ལ། ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་ཆེན་པོ་གནང་གི་ཡོད། 2014ལོའི་ཟླ་2ཚེས་25ཉིན། ཡུས་ཧོ་གཙང་པོའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་སྐབས། ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་དགོས། པེ་ཅིང་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ལ། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་གསེར་གྱི་མིང་བྱང་ལྟ་བུ་ཡིན་པས། རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རྒྱལ་སའི་འགན་འཁྲི་རེད་ཅེས་གསུངས་པ་རེད། 2019ལོའི་ཟླ་2ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་མདུན་སྒོ་ཤར་ཆུས་ཚའོ་ཁྲང་དུ་ཡོད་པའི་སྲང་ལམ་བཞིར་རྟོག་ཞིབ་གནང་སྐབས། པེ་ཅིང་གིས་སྤེལ་བའི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་དང་། བཅོས་སྒྲིག་བསམ་ཕྱོགས། བྱེད་ཐབས་བཅས་ལ་གདེང་འཇོག་གང་ལེགས་གནང་ཡོད།
པེ་ཅིང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་དང་མཛེས་སྡུག་ལྡན་པའི་རི་ཀླུང་བསྐྲུན་རྒྱུ་གལ་ཆེ་མཉམ་དུ་འཛིན་ནས་ཤང་ཧྲན་རི་བོ་དང་། ཡུས་ཆོན་ཧྲན་རི་བོ། དབན་ཧྲོའུ་ཧྲན་རི་བོ། ཅིན་དབྱི་ཡོན་ལྡུམ་ར། ཅིང་མིང་ཡོན་ལྡུམ་ར། དབྱི་ཧོ་ཡོན་ལྡུམ་ར། ཡོན་མིང་ཡོན་ལྡུམ་ར། ཡང་ཁྲུན་ཡོན་ལྡུམ་ར་བཅས་ལས་གྲུབ་པའི་རི་གསུམ་ལྡུམ་ར་ལྔ་ཁུལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ། རྒྱལ་སའི་ནུས་པ་འཛུགས་སྐྱོང་གི་ཐེག་ནུས་ཁུལ་གལ་ཆེན་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་གྱི་དཔེ་མཚོན་ཁུལ་བཏོད་པ་དང་། ཆེད་མངགས་འཆར་འགོད་བཟོས་ནས་མིས་བཟོས་གཙང་པོ་ཆེ་མོ་དང་། ལྕགས་རི་རིང་པོ། ཤིས་ཧྲན་ཡུང་ཏིང་གཙང་པོ་བཅས་རིག་གནས་ཁུལ་གསུམ་སྲུང་སྐྱོང་གི་ཆེད་དོན་འཆར་འགོད་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོ་ཟུང་འབྲེལ་བྱས་ཡོད།
འདི་ལོའི་ཟླ་4ཚེས་8ཉིན་འཚོགས་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཁང་གི་སྒྲིག་བཀོད་སོགས་ལ་དངོས་པོའི་ཤུལ་བཞག་ཡོད་དགོས་ལ། རིག་གནས་དང་ཤེས་ལྡན་པའི་རྣམ་པ་ཟབ་མོའང་ཡོད་དགོས། དེ་དག་ཚང་མ་ནི་རྩ་ཆེའི་རྒྱུ་ནོར་ཡིན་པས་གང་ལེགས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པར་འགྱུར་བ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་སྤྱོད་རྒྱ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཁོར་ཡུག་བཅོས་སྐྱོང་གི་དམངས་འཚོའི་དོན་དངོས་གལ་ཆེན་དམ་འཛིན་ཡག་པོ་བྱེད་དགོས།
2014ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས། “པེ་ཅིང་ལྟ་བུའི་གྲོང་ཁྱེར་ཆེན་པོར་ཆ་མཚོན་ན། ཁོར་ཡུག་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་དམངས་འཚོའི་དོན་དངོས་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་དགོས” “པེ་ཅིང་འདི་ཉིད་རྒྱལ་སྤྱིའི་ཐོག་ཞི་མཐུན་གནས་སྡོད་ལ་འཚམ་པའི་གྲོང་ཁྱེར་རྩེ་གྲར་ཧུར་ཐག་བསྐྲུན་དགོས”ཞེས་གསུངས་པ་རེད།
“རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྨུག་རྡུལ་སྦགས་བཙོག་ལ་ཁ་གཏད་གཅོག་པ་དང་མཁའ་རླུང་གི་སྤུས་ཚད་ལེགས་སུ་གཏོང་བའི་ལས་འགན་གཙོ་བོ་ནི་PM2.5ཚོད་འཛིན་བྱེད་རྒྱུ་དེ་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་པེ་ཅིང་གིས་མཐའ་འཁོར་གྲོང་ཁྱེར་དང་མཉམ་དུ་སྨུག་རྡུལ་བཅོས་སྐྱོང་དང་། སྦགས་བཙོག་བཅོས་སྐྱོང་། མཁའ་རླུང་གི་སྤུས་ཚད་ལེགས་སུ་གཏོང་ཚད་བཅས་ལ་ཤུགས་སྣོན་རྒྱག་ཚད་ཆེ་རུ་བཏང་ཡོད།
མཁའ་རླུང་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་པ་པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་ལྟེ་གནས་རླུང་ཁམས་ཆེ་མོ་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཡུན་ཐིང་གིས་འགྲེམས་པང་སྤྱད་དེ་2013ལོ་ནས་2021ལོ་བར་གྱི་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཁྲོད་ཀྱི་རྡུལ་ཕྲ་རབ(PM2.5)གར་ཚད་ལ་འགྱུར་ལྡོག་འགྲོ་ཚུལ་བསྟན་ཏེ། “ཉེ་བའི་ལོ་བཅུའི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་པེ་ཅིང་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་མང་དུ་ཕྱིན་ཡོད”ཅེས་ལི་ཡུན་ཐིང་གིས་བརྗོད། 2021ལོར་པེ་ཅིང་གི་སྦགས་བཙོག་དངོས་པོ་གཙོ་བོ་ཁག་6གི་གར་ཚད་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཐེངས་དང་པོ་ཡིན་པ་དང་། PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ་33ཟིན་ནས་2017ལོ་ལས་43.1%ཤུགས་ཆེན་ཆག་ཡོད།
པེ་ཅིང་ནི་ཆུ་ཤིན་ཏུ་དཀོན་པའི་གྲོང་ཁྱེར་ཞིག་ཡིན་པས། ཆུའི་བདེ་འཇགས་འགན་ལེན་ཡོང་བར་འགག་རྩ་ནི་ཆུ་བཅོས་ཀྱི་བསམ་ཕྱོགས་བསྒྱུར་རྒྱུ་དེ་ཡིན། “ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་བསྐྲུན་ནས་ཆུ་གྲོན་ཆུང་བྱ་རྒྱུ་དེ་ཚན་པ་དང་། ཁྱིམ་ཚང་། མི་སྒེར་བཅས་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས”ཞེས་2014ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས་དེ་ལྟར་ནན་བཤད་གནང་ཡོད།
“སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ཆུ་གྲོན་ཆུང་གི་འཕྲུལ་ཆས་ཁྱབ་གདལ་བཏང་སྟེ་ཆུ་གྲོན་ཆུང་འཕྲུལ་ཆས་ཁྲི་8སྒྲིག་སྦྱོར་བྱས་ཡོད” པེ་ཅིང་གྲོང་ཁྱེར་ཆུ་གྲོན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཤིན་ཤིན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཆུས་16ཚང་མར་ཆུ་གྲོན་ཆུང་རྣམ་པའི་ཁུལ་བསྐྲུན་པ་དང་། 2021ལོར་གྲོང་ཁྱེར་ཡོངས་སུ་བསྐྱར་སྐྱེས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་12ཟིན་པ་དེས་པེ་ཅིང་གི་ལོ་འཁོར་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད། རྒྱལ་སའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་དང་བརྟན་པོ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཆུ་གསར་པ་སྤྱོད་ཚད་མཐའ་གཅིག་ཏུ་མ་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་སྒོར་ཁྲི་ཡི་ས་ཁུལ་གྱི་ཆུ་ཟད་ཚད་རྒྱལ་ཡོངས་ཀྱི་དམའ་ཤོས་སུ་སླེབས་ཡོད།
ཡུང་ཏིང་གཙང་པོའི་ངོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་10ཡི་གོང་བཏབ་གནང་བའི་ཤུག་པའི་ཡལ་འདབ་རབ་ཏུ་རྒྱས་ནས་སྔོ་ཐིང་ངེར་སྐྱེས་ནས་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2013ལོ་ནས་བཟུང་ལོ་ལྟར་ཤིང་འཛུགས་ནགས་བཟོའི་དུས་ཆེན་གྱི་སྔ་རྗེས་སུ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཀྱི་ཡོད། 2018ལོའི་ཟླ་4ཚེས་2ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་སྐབས་གྲངས་འབོར་དང་སྤུས་ཚད་གཉིས་ཀར་དོ་སྣང་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་སྔོ་འགྱུར་དང་། འཆར་འགོད་སྣེ་ཁྲིད། ཡུལ་བབ་དང་བསྟུན་པ་བཅས་མཐའ་འཁྱོངས་ཀྱིས་ཚན་རིག་དང་། སྐྱེ་ཁམས། གྲོན་ཆུང་བཅས་ཀྱི་སྔོ་འགྱུར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། སྙིང་རུས་གཏན་འཁྱོངས་དང་བྱེད་མཁས་ལ་རྗེས་ཐོན་པ། ནགས་ཚལ་གྱི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ནགས་ཚལ་གྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འདུ་ཤེས་དེའི་མཛུབ་ཁྲིད་འོག་པེ་ཅིང་གིས་རེས་སྐོར་དང་པོའི་མུའུ་ཁྲི་བརྒྱའི་ཐང་ཆེན་དུ་ནགས་བཟོ་ལེགས་གྲུབ་བྱས་པའི་རྨང་གཞིའི་ཐོག་2018ལོར་རེས་སྐོར་གསར་པའི་མུའུ་ཁྲི་བརྒྱའི་སྔོ་འགྱུར་ནགས་བཟོའི་འདུ་འགོད་ལག་བསྟར་བྱེད་འགོ་ཚུགས་ནས་2022ལོར་ཕྱོགས་ཡོངས་ནས་མཇུག་འགྲིལ་རྒྱུ་རེད། 2021ལོའི་ལོ་མཇུག་ཏུ་པེ་ཅིང་དུ་ནགས་ཚལ་ཁྱབ་ཚད་44.6%བར་འཕར་བ་དང་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ16.6ཟིན་ཡོད།
གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་དེ་ལོ་ངོ་སྟོང་གི་གནའ་གྲོང་གི་བཀྲག་མདངས་འཚེར་སའི་མིང་བྱང་གཞན་ཞིག་ཏུ་འགྱུར་བ་བྱེད་དགོས།
“པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་པེ་ཅིང་གི་བར་མཐོངས་ཆགས་སྟངས་ལེགས་སྒྲིག་དང་། གྲོང་ཁྱེར་ཆེ་མོའི་གནད་དོན་བཅོས་སྐྱོང་། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་བཅས་ཀྱི་དགོས་མཁོ་ཞིག་ཡིན་ལ། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་འབོར་དང་དཔལ་འབྱོར་འདུས་ཚད་ཆེ་བའི་ས་ཁུལ་གྱི་ལེགས་སྒྱུར་དང་གསར་སྤེལ་གྱི་རྣམ་པ་འཚོལ་ཞིབ་བྱེད་པའི་དགོས་མཁོ་ཞིག་ཀྱང་རེད” 2016ལོའི་ཟླ་5ཚེས་27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་འཛུགས་སྐྲུན་འཆར་འགོད་དང་པེ་ཅིང་དང་། ཐེན་ཅིང། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 2017ལོའི་ཟླ་3ཚེས་28ཉིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ས་པེ་ཅིང་གི“ལྟེ་གཅིག་གཤོག་གཉིས”ཀྱི་བར་མཐོངས་ཀྱི་གྲུབ་ཆ་ལས་རྒྱལ་སའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། ཚད་མཐོའི་ངེས་གནས་བཅས་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་གསར་གཏོད་དང་སྒྱུ་རྩལ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་འཆར་འགོད་དང་ཇུས་འགོད་འཛུགས་སྐྲུན་བྱས་ཏེ་སྔོ་ལྗང་མཉམ་འདྲེས་དང་། དྭངས་གཙང་དྭངས་གསལ། ཆུ་གྲོང་མཉམ་འདྲེས། ཚོགས་པ་མང་པོ་ལེགས་བསྡུས་ཞིབ་གཉེར་བཅས་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་གྲོང་ཁྱེར་གྱི་བཀོད་པ་བཙུགས་ནས་རྒྱལ་སྤྱིའི་ཞི་མཐུན་དང་འཚོ་སྡོད་རུང་བའི་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དཔེ་སྟོན་ཁུལ། པེ་ཅིང་དང་། ཐེན་ཅིང། ཧོ་པེ་བཅས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་རྩེ་གྲ”ཧུར་ཐག་གཏོད་དགོས། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཞིག་རེད།
2019ལོའི་ཟླ་1ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པར་ཕེབས་ནས་བཅའ་སྡོད་བྱས་མ་ཐག་པའི་པེ་ཅིང་གྲོང་ཁྱེར་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་ལྕག་སྐུལ་གནང་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་བསྐྲུན་རྒྱུ་དེ་ནི་པེ་ཅིང་གྲོང་ཁྱེར་བཙུགས་ཚུན་གྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པས་དུས་རབས་གསར་པའི་པེ་ཅིང་གི་འཕེལ་རྒྱས་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་རེད། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དོན་ཆེན་འདི་ལེགས་པར་བསྒྲུབ་དགོས། ཚང་མས་གཞུང་ལས་ཁུལ་གསར་པའི་རྣམ་པ་གསར་པར་བརྟེན་ནས་ལས་དོན་ཁག་གི་ཁྲོད་དུ་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
གྲོང་ཁྱེར་བསྐྲུན་མ་ཚར་གོང་སྔོན་ལ་སྔོ་འགྱུར་བྱེད་དགོས། གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་155ཟིན་པའི་ལྟེ་བའི་ཁུལ་གྱི་དཀྱིལ་དབུས་ནི་ཐོག་བརྩེགས་ཁང་ཆེན་མང་བའི་ཚོང་དོན་ཁུལ་མིན་ལ་སྲིད་འཛིན་གཞུང་ལས་ཁུལ་ཡང་མིན་པར། དེ་ནི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་11.2ཟིན་པའི་གྲོང་ཁྱེར་གྱི་སྔོ་ལྗང་ནགས་ཚལ་སྤྱི་གླིང་རེད།
“པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་དེ་ཉིད་ལོ་ངོ་སྟོང་གི་གནའ་བོའི་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་སའི་གྲོང་ཁྱེར་གྱི་མིང་བྱང་གཞན་ཞིག་ཏུ་གྱུར་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དེ་རིམ་བཞིན་དོན་དངོས་སུ་གྱུར་བཞིན་ཡོད།
2014ལོའི་ཟླ་12པར་སྐྲུན་འགོ་ཚུགས་པའི་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་བསལ་ཐུགས་ཁུར་གནང་བ་དང་སྐུ་ངོ་མས་སྐུལ་འདེད་གནང་བའི་རྒྱལ་སའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། 2019ལོའི་ཟླ་9ཚེས་25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ་དང་འབྲེལ། སྐོར་སྐྱོད་གནམ་ཐང་བབས་ཚུགས་དངོས་སུ་སྤྱོད་པའི་ཁྱབ་བསྒྲགས་ཀྱང་གནང་ཞིང་། ཁོང་གིས་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནི་རྒྱལ་སའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་དང་པེ་ཅིང་དང་། ཐེན་ཅིང། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་ལས་གྲྭ་ཞིག་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་གནས་གསུམ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་ནན་བཤད་གནང་ཡོད།
འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཁའ་འགྲུལ་གྲོང་ཁྱེར་གྱིས་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ལ་བརྟེན་ནས་བཙུགས་པའི་མཁའ་འབྲེལ་དཔལ་འབྱོར་ཁུལ་དེ་མིག་སྔར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་། གྲོང་ཁུལ་ལ་དབང་ཆ་སྤྲད་པའི་རྣམ་གྲངས་187དང་ལེན་བྱས་ནས་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་ཐོབ་པར་བྱས་ཡོད།
རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་ནན་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།
རྒྱལ་སའི་ཐོན་ལས་གང་འདྲ་ཞིག་ཡིན་དགོས་སམ། མཐོ་སློབ་བརྒྱ་ཙམ་དང་ཚན་རིག་གྲོང་ཁྱེར་ཆེན་པོ་གསུམ་ཡོད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་གི་ཐོན་ལས་གང་འདྲ་ཞིག་ཡིན་དགོས་སམ། 2014ལོའི་ཟླ་གཉིས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས་རྒྱལ་ས་པེ་ཅིང་གི“ལྟེ་གནས་བཞིའི”གྲོང་ཁྱེར་གྱི་ནུས་པའི་ངེས་གནས་ཁ་གསལ་བཏོན་གནང་ཡོད། ལོ་ངོ་སྟོང་གི་གནའ་བོའི་གྲོང་ཁྱེར་དེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག“ཚན་རྩལ་གསར་གཏོད་ལྟེ་གནས”དེ་ཉིད་དེའི་ལྟེ་བའི་ནུས་པར་བརྩིས་ནས་ཐོག་མར་མངོན་པར་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་2013ལོའི་ཟླ་9ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བརྗོད་དོན་གཙོ་བོར་བྱས་ཏེ་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་བྱས་ནས“སློབ་ཁང”ཀྲུང་ཀོན་གྲོང་ཚོར་སྤོས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་སྟེ་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། འཛམ་གླིང་གི་ཚན་རྩལ་གསར་གཏོད་འཕེལ་རྒྱས་འགྲོ་ཕྱོགས་ཤེས་ཚོར་རྣོན་པོས་ཁོང་དུ་ཆུད་པ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་པོར་འཛིན་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་བསྟར་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད།
“ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་བྱེད་པོར་དངོས་འབྲེལ་འགྱུར་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱིས་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གསར་གཏོད་ཁེ་ལས་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་རྒྱུར་སྐུལ་ལྕག་བྱས་ཡོད” ལི་ཡ་ཏེ་འོད་གློག་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཅུན་གྱིས་སྐབས་དེ་ནས་བཟུང་ལི་ཡ་ཏེ་རྒྱུན་མཐུད་ངང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་མ་རྩ་བསྡོམས་འབོར་ལྡབ་27འཕར་བ་དང་མ་རྩ་ཁེ་གཙང་ལྡབ་28འཕར་ཡོད། “ད་ཆ་ཀུང་སིར་ཁེ་བེད་བདག་ཐོབ་2280ལྷག་ཙམ་ཡོད་པ་དང་ལོ་5བསྟུད་མར་གོ་ལ་ཧྲིལ་པོའི་LEDཁྲོམ་ར་བཟུང་ཚད་ཨང་དང་པོར་སླེབས་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཀོན་གྲོང་ཚོའི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། “ཀྲུང་གོས་ཀྲུང་ཀོན་གྲོང་ཚོར་རེས་སྐོར་གསར་པའི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད”ཅེས་2021ལོའི་ཟླ་9ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅིས་2021ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལ་བརྙན་ལམ་ཐོག་ནས་རྟེན་འབྲེལ་ཞུས་གནང་བ་རེད།
འདི་ལོའི་ཟླ་4པར་པེ་ཅིང་ཚད་རྡུལ་ཆ་འཕྲིན་ཚན་རིག་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་བལྟས་ཚེ་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། རྣམ་གྲངས་དེའི་འགན་འཁུར་བའི་གྲས་ཤིག་ཡིན་པའི་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལུང་ཀུའེ་ལུའུ་ཡིས“དེའི་ནང་ཚོགས་པའི་འབད་བརྩོན་ཡོད་མོད། འོན་ཀྱང་རྩ་བའི་ཆ་ནས་བརྗོད་ན་དེ་ནི་སྒྲིག་སྲོལ་དང་ལམ་སྲོལ་གསར་པས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་ཞིག་རེད”ཅེས་བཤད།
2021ལོའི་ཟླ་11ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་གཙོ་སྐྱོང་གནང་ནས《ཀྲུང་ཀོན་གྲོང་ཚོའི་རྒྱལ་ཁབ་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནི་པེ་ཅིང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དུས་སྐབས་གལ་ཆེན་ཞིག་རེད། “ལོ་10ཡི་གོང་ལ་ཕྱིར་མིག་བལྟས་ཚེ་སྤྱི་ཁྱབ་ཧྲུའུ་ཅིས་པེ་ཅིང་ལ་ཐུགས་རེ་ཟབ་མོ་བཅོལ་བ་དང་། གཅེས་སྐྱོང་ཟབ་མོ་གནང་བ། སེམས་ནུས་ཡོད་རྒུ་བཏོན་པ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་ཁྲིད་སྟོན། བྱ་ཐབས་སློབ་པ་བཅས་ཀྱི་ཐོག་ནས་རྒྱལ་སའི་ལས་དོན་མདུན་ཕྱོགས་སུ་གོམ་གང་འཕེལ་རྒྱས་འགྲོ་བ་དང་པེ་ཅིང་གི་ས་གཞི་ཆེ་མོའི་འགྱུར་ལྡོག་རེ་རེར་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་བཀའ་སློབ་གཅིག་ཏུ་བསྡུས་ཡོད” པེ་ཅིང་གྲོང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རྒྱལ་ས་པེ་ཅིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ཆར་རླུང་ལ་མི་སྐྲག་པར་མདུན་སྐྱོད་བྱས་ཏེ་པེ་ཅིང་ཞེས་པའི་གྲོང་ཁྱེར་རླབས་ཆེན་དེ་ཕྱོགས་སྒྱུར་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ས་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།