དབུ་ཤོག>ཆེད་སྒྲིག
  • འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་སྐྲུན་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-06-27

    bee99573-a669-47cf-a81c-22874f7bcfd1.jpg.jpg

    འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་གྱི་ཀྲང་ཅང་རིག་ནུས་གླིང་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་ཐེངས་མང་གནང་བ་དང་བྱེད་སྒོ་གལ་ཆེན་ལ་ཞུགས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་5ཞུགས་ཏེ་མཛུབ་སྟོན་གལ་ཆེན་དང་། ལས་འགན་གལ་ཆེན་རྩིས་སྤྲོད། འགན་འཁྲི་གལ་ཆེན་བཀོད་སྒྲིག་བཅས་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཧྲང་ཧའེ་ཡིས་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པའི་ཉམས་འགྱུར་ཐོག་ནས་འགན་འཁྲི་ཁུར་ཏེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པ། ནུས་ཕྱོད་ཆེ་བའི་བཅོས་སྐྱོང་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་འཛུགས་སྐྲུན་མགྱོགས་སུ་བཏང་ཡོད།

    ལམ་ཐག་རིང་པོར་བསྐྱོད་ཀྱང་ཐོག་མའི་དམིགས་ཡུལ་བརྗེད་མི་རུང་།

    2017ལོའི་ཟླ་10ཚེས་31ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་སོང་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་དེ་ཆེད་མངགས་པེ་ཅིང་ནས་ཧྲང་ཧའེ་དང་ཀྲེ་ཅང་ཅ་ཤིན་དུ་ཕེབས་ཏེ། ཧྲང་ཧའེ་རུ་འཚོགས་པའི་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་ཡུལ་དང་ཀྲེ་ཅང་ཅ་ཤིན་ནན་ཧུའུ་གྲུ་དམར་ལ་གཟིགས་པ་དང་། ཏང་འཛུགས་ལོ་རྒྱུས་ཕྱིར་དྲན། ཏང་ཞུགས་ཀྱི་དམ་བཅའ་བསྐྱར་འཇོག་བཅས་བྱས་ནས་སྐབས་གསར་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དད་སེམས་མངོན་པར་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་རང་རེའི་ཏང་གི་ལོ་རྒྱུས་ནི་ཀྲུང་གུང་ཚོགས་ཆེན་དང་པོ་ནས་འགོ་བཙུགས་པ་ཞིག་ཡིན་པས། ང་ཚོས་ལམ་ཐག་རིང་པོར་བསྐྱོད་ཀྱང་ཐོག་མའི་དམིགས་ཡུལ་བརྗེད་རྒྱུ་མེད་ཅེས་གསུངས་པ་རེད།

    “ཏང་འཛུགས་སྐབས་ཀྱི་རིག་དངོས་ཚང་མ་ནི་ཧ་ཅང་རྩ་ཆེན་དང་གནས་ཚུལ་ཚང་མ་ནི་བསམ་གཞིག་བྱེད་རིན་ཡོད་པ་ཞིག་ཡིན་པས། ང་ཚོས་རྟག་ཏུ་དྲན་གསོ་དང་བསམ་གཞིག་གཏིང་ཟབ་བྱས་ཏེ་དེའི་ཁྲོད་ནས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་ཤེས་པར་བྱེད་དགོས” མངགས་བཅོལ་ཟབ་མོ་ལག་བསྟར་བྱས་ནས་ཧྲང་ཧའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་སྲུང་སྐྱོང་ལེགས་པར་བྱེད་པ་དང་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་དེ་གསར་བརྗེའི་གནས་རྙིང་དང་གསར་བརྗེའི་རིག་དངོས་ཁྲོད་ཀྱི་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་གང་ལེགས་མངོན་པ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བརྗོད་ཡོད།

    2021ལོའི་ཟླ་7ཚེས་1ཉིན། 《ཧྲང་ཧའེ་གྲོང་ཁྱེར་གྱི་གསར་བརྗེའི་ཐོན་ཁུངས་རྒྱུན་འཛིན་དར་སྤེལ་དང་སྲུང་སྐྱོང་བེད་སྤྱོད་ཀྱི་སྲོལ་ཡིག》ལག་བསྟར་བྱས་པ་དང་། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་སྤྱོད་པར་སྐུལ་འདེད་བཏང་ཡོད། ལོ་དེར“གསར་བརྗེའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་འདུ་འགོད”ཧྲང་ཧའེ་གྲོང་ཁྱེར་གྱི་དམངས་སེམས་འདུ་འགོད་ཁག་16ནང་བཅུག་ཅིང་། འདི་ལོ་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་སོགས་ལ་བརྟེན་ནས་ཇུས་འགོད་བྱས་པའི“རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས”ཀྱི་བརྗོད་དོན་གཙོ་བོའི་ཐོག་མའི་གསར་གཏོད་འགྲེམས་སྟོན་ཆེ་གྲས་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱས་ཡོད།

    “ཏང་འཛུགས་སྐྱོང་ལས་དོན་གྱི་དཀའ་གནད་གཞི་རིམ་དུ་ཡོད་ལ། བཀྲག་མདངས་འཚེར་ས་ཡང་གཞི་རིམ་དུ་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ཏང་འཛུགས་སྐྱོང་བྱེད་པར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱང་བྱས་ཏེ། དུས་བབ་གསར་པ་དང་རྒྱུན་ཆད་མེད་པར་འཚམ་པ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཏང་ཡོན་གྱི་ལས་ཀ་བྱེད་ས་དང་འཚོ་བ་སྐྱེལ་ས་གང་དུ་ཡོད་ན། ཏང་རྩ་འཛུགས་ཀྱང་དེ་གར་ཁྱབ་པ་བྱས་ཏེ། ཏང་ཡོན་གང་དུ་ཡོད་ན་ཡང། རྩ་འཛུགས་དང་ཁྱིམ་ཚང་འཚོལ་ཐུབ་པ་བྱེད་དགོས། ཧྲང་ཧའེ་ཡིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་མུ་མཐུད་དུ་འཚོལ་ཞིབ་དང་སྔོན་ལ་སྐྱོད་དགོས་ཞེས་གསུངས་པ་རེད།

    ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་དུ་ཚོང་དོན་ཐོག་ཁང་285དང་ལས་དོན་མི་སྣ་ཁྲི་50ལྷག་ཙམ་ཡོད། དངུལ་རྩའི་གྲོང་དུ་ཐོག་ཁང་གི་ཏང་འཛུགས་སྐྱོང་གིས“ས་ཚིགས”དང་། ལས་རིགས་ཏང་འཛུགས་སྐྱོང་གིས“འབྲེལ་མཐུད” ཚོང་ལས་ཁུལ་གྱི་ཏང་འཛུགས་སྐྱོང་གིས“གཅིག་སྡུད” ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་གིས“ཡུག་སྦྲེལ”བཅས་ཐུབ་པ་བྱས་ཡོད། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ལུའུ་ཅ་ཙུའེ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཤའོ་ཅན་གྱིས“ཏང་ཡོན་ལས་སྒོའི་རྐང་འཛིན་པར་གསོ་སྐྱོང་དང་ལས་སྒོའི་རྐང་འཛིན་པ་ཏང་ཡོན་དུ་གསོ་སྐྱོང་བྱས་ཡོད། ལོ་གསུམ་ལྷག་ཙམ་རིང་ལས་སྒོའི་རྐང་འཛིན་པ་བརྒྱ་ཙམ་ཏང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པས་ད་ཆ་ཏང་ཡོན་500ལྷག་ཙམ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པར་གྱུར་ཡོད”ཅེས་བརྗོད།

    རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་དང་གསར་གཏོད་འཕེལ་རྒྱས་ཀྱི་གདོང་སྐྱོད་པ་ཡག་པོ་ཞིག་བྱེད།

    2015ལོའི་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧྲང་ཧའེ་ཡིས“མུ་མཐུད་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་དང་གསར་གཏོད་འཕེལ་རྒྱས་ཀྱི་གདོང་སྐྱོད་པ་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས”ཞེས་ནན་བཤད་གནང་བ་རེད།

    ཀྲུང་གོའི་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བསྐྲུན་རྒྱུ་ནི། ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དུས་བབ་གསར་པའི་འོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། 2014ལོའི་ཟླ་5ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནི་ཚོད་ལྟའི་ཞིང་ཁ་ཆེན་པོ་ཞིག་ཡིན་པས། སོན་བཟང་འདེབས་གསོ་དང་། རྨོ་འདེབས་ཞིབ་ཚགས། བདག་སྐྱོང་ཞིབ་ཚགས། ལོ་ལེགས་ཡོང་བ་བཅས་བྱེད་དགོས་པ་མ་ཟད། སོན་བཟང་འདེབས་གསོའི་ཉམས་མྱོང་ཁྱབ་གདལ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    2020ལོའི་ཟླ་11ཚེས་12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ཕུའུ་ཏུང་གིས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱས་ཏེ“འགན་འཁྲི་ལྕི་ཤོས་འཁུར་ཕོད་པ་དང་དཀའ་ཚེགས་ཆེ་ཤོས་ལ་གཏུགས་ཕོད་པ་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་ལམ་གཏོད་གདོང་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མཁན་གྱི་སྣེ་ཁྲིད་དམག ‘གདེང་ཚོད་བཞིའི’ལག་ལེན་གྱི་དཔེ་བཟང་བ་བཅས་སུ་གྱུར་པར་བྱས་ཏེ། འཛམ་གླིང་ལ་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་འགྲོ་ལམ་བཅས་དེ་བས་མངོན་པར་བྱེད་དགོས”ཞེས་གསུངས་པ་རེད།

    2021ལོའི་ཟླ་4པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕུའུ་ཏུང་ཁུལ་གསར་གྱི་ཆུ་ཚད་མཐོ་བའི་སྒྱུར་བཅོས་སྒོ་དབྱེར་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁུལ་དུ་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ཕུའུ་ཏུང་ཁུལ་གསར་གྱི་སྒྱུར་བཅོས་སྒོ་དབྱེར་ལས་འགན་གལ་ཆེན་གསར་པ་བཀོད་སྒྲིག་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧྲང་ཧའེ་རྒྱལ་སྤྱིའི་གྲུ་ཁ་ལས་དོན(ཚོགས་པ)མ་རྐང་ཚད་ཡོད་ཀུང་སིས་གྲུ་ཁའི་གཉེར་སྐྱོང་དོ་དམ་ནུས་པ་དང་ཕྱོགས་བསྡུས་ཞབས་འདེགས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རེས་སྐོར་འདིའི་ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། ཧྲང་ཧའེ་གྲུ་ཁས་ལས་མཚམས་ཉིན་གཅིག་ཀྱང་བཞག་མེད། ཟླ་5པའི་ཟླ་མཇུག་བར། ཧྲང་ཧའེ་ཡི་གྲུ་ཁར་ཉིན་རེར་དོས་སྒམ་འདོན་འཇུག་བྱེད་ཚད་རྒྱུན་གཏན་ལས་95.3%འཕར་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཧྲང་ཧའེ་གྲུ་ཁར་དོས་སྒམ་ཚད་ལྡན་ཁྲི་1535འདོན་འཇུག་བྱས་ནས་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།

    2021ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.32ཟིན་པ་དང་།“ཀྲུང་གོའི་སྙིང་ཏིག”དང་། “གསར་གཏོད་སྨན”“དགུང་སྔོན་ཕུགས་འདུན”སོགས་སྲ་བརྟན་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་འགག་སྒོའི་དངོས་ཟོག་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ཡན་ཟིན་ནས་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཧྲང་ཧའེ་ཡི་ཚོང་གཉེར་ཁོར་ཡུག་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ནུས་པ་དང་ལྟེ་བའི་འགྲན་ནུས་མངོན་གསལ་དོད་པ་ཆེ་རུ་ཕྱིན་པ། གྲོང་ཁྱེར་གྱི་མཉེན་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།

    གྲོང་ཁྱེར་ཆེན་པོ་བཅོས་སྒྲིག་བྱེད་པའི་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་དགོས།

    2018ལོའི་ཟླ་11ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕུའུ་ཏུང་ཁུལ་གསར་གྲོང་ཁྱེར་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལྟེ་གནས་སུ་ཕེབས་ནས་ཧྲང་ཧའེ་རུ་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་མཁྱེན་རྟོགས་གནང་ནས། ཧྲང་ཧའེ་ཡིས་མུ་མཐུད་འཚོལ་ཞིབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཆེན་པོའི་དོ་དམ་ལམ་བུ་གསར་པར་བསྐྱོད་པ་དང་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།

    ཕུའུ་ཏུང་ཁུལ་གསར་གྲོང་ཁྱེར་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཝུའེ་ཝུའེ་ཡི་བློ་ལ་སྐབས་དེ་དུས་ཀྱི་གནས་ཚུལ་ད་དུང་གསལ་པོར་ངེས་ནས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལས་ང་ཚོར་གྲོང་ཁྱེར་གྱི་དོ་དམ་ཞིབ་ཚགས་ཅན་ལ་ཤུགས་སྣོན་དང‘གྲོང་ཁྱེར་གྱི་བྱེད་ནུས་གཙོ་བོ’ཡག་པོ་སྐྲུན་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་འདི་དག་རིང་ང་ཚོས་ཕྱོགས་གཅིག་ནས་དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་རིག་ནུས་ཅན་མངོན་འགྱུར་དང་ཕྱོགས་གཞན་ཞིག་ནས་རྒྱུན་ཆད་མེད་པར་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད”ཅེས་བརྗོད།

    2019ལོའི་ཟླ་11ཚེས་3ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། “གནད་འགག”གི་ལས་དོན་ལ་དམ་འཛིན་བྱས་ཏེ“སྲིད་དོན་ཞབས་འདེགས་དྲ་གཅིག་ཀུན་སྒྲུབ”དང“གྲོང་ཁྱེར་འཁོར་སྐྱོད་དྲ་གཅིག་གཅིག་གྱུར་དོ་དམ”ལ་དམ་འཛིན་ཡག་པོ་དང་། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་ཁྱེར་བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་མཐའ་འཁྱོངས་དམིགས་ནས་ཁ་ཐོར་རྣམ་པའི་ཆ་འཕྲིན་མ་ལག་བསྡུ་སྒྲིལ་བྱས་ཏེ། དངོས་འཐབ་ཁྲོད་དུ་སྤྱོད་གོ་ཆོད་པ་དང་། གཞི་རིམ་ལས་བྱེད་པས་སྤྱོད་པར་དགའ་བ། མང་ཚོགས་ཀྱིས་ཕན་པ་ཚོར་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

    མིག་སྔའི་བར“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་ཀྱིས་སྤྱི་པའི་ཞབས་འདེགས་དོན་ཚན་3500འབྲེལ་མཐུད་བྱས་པ་དང་རིམ་རྩིས་བྱས་ན་ལས་དོན་སྒྲུབ་ཚད་དུང་ཕྱུར་2.26ཟིན་ཡོད། “དྲ་གཅིག་གཅིག་གྱུར་དོ་དམ”རིམ་པ་སྤར་ནས་གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང་གྲོང་རྡལ་བཅས་རིམ་གསུམ་ལས་སྟེགས་དང་། གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང་གྲོང་རྡལ། དྲ་མིག སྡེ་ཁུལ(ཐོག་ཁང)བཅས་རིམ་ལྔའི་ཉེར་སྤྱོད་སྒྲོམ་གཞི་སྤྱིར་ན་བསྐྲུན་པ་དང་གྲོང་ཁྱེར་གྱི་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལས་སྟེགས་ལ་སྡེ་ཚན(ཚན་པ)72ཀྱི་མ་ལག་220དང་བཀོལ་སྤྱོད་1202གཅིག་སྡུད་བྱས་ཡོད།

    2019ལོའི་ཟླ་11ཚེས་2ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མིའི་ལྟེ་གནས་སུ་རྟོག་ཞིབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་བཅོས་སྐྱོང་གི་གཙོ་གནད་དང་ལེ་ལག་ཚང་བའི་ཐོན་ཁུངས་ཁྲོམ་གཞུང་དང་སྡེ་ཁུལ་དུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། གྲོང་ཁྱེར་དོ་དམ། སྡེ་ཁུལ་བཅོས་སྐྱོང་། སྤྱི་པའི་ཞབས་འདེགས་སོགས་འགན་འཁྲི་གཙོ་བོར་དམིགས་པ། ཞིབ་མཆན་འགོད་པ་དང་། ཞབས་འདེགས། ཁྲིམས་འཛིན་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ནས་ཁུལ་ཁོངས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།

    “ཀུའུ་པེ་སྡེ་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་གྱི་གྲོང་མི་སྡོད་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་སྡེ་ཁུལ་གྱི་ཞབས་འདེགས་དང་བཅོས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་དང་ལག་ལེན་བསྟར་ནས་གྲོང་མིའི་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་པ་དང་ཏང་ཡོན་རྐང་འཛིན་པས་སྣེ་ཁྲིད་དེ་སྤྱི་ཕན་བྱ་གཞག་སྒྲུབ་པར་སྤྲོ་བ་དང་གྲོང་མིའི་ཁྲོད་ནས་སྙན་གྲགས་ཡོད་པ་དང་འཇོན་ཐང་ལྡན་པའི་ཀྲུང་ཕྱིའི་གྲོང་མིའི་འཐུས་མི་གདན་དྲངས་ནས་དོན་གྲོས་པ་བྱེད་དུ་བཅུག་པ་དང་། སྣ་མང་ཕྱོགས་བསྡུས་ཀྱི་དོན་གྲོས་དྲ་རྒྱ་བཙུགས་ཏེ་གྲོང་མིར་རིགས་ཆེ་གྲས་བཞི་དང་རྣམ་གྲངས་17གྱི་ཞབས་འདེགས་ཞུ་གི་ཡོད”ཅེས་ཀུའུ་པེ་གྲོང་མིའི་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲེང་ཧུང་གིས་བརྗོད།

    གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་རེད། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

    “གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་རེད། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས” 2019ལོའི་ཟླ་11ཚེས་2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། གྲོང་ཁྱེར་འཆར་འགོད་དང་། གྲོང་ཁྱེར་འཛུགས་སྐྲུན། གྲོང་ཁུལ་གསར་པ་འཛུགས་སྐྲུན། གྲོང་ཁུལ་རྙིང་པ་སྒྱུར་བཀོད་བཅས་ཚང་མར་མི་དམངས་ལྟེ་བར་མཐའ་འཁྱོངས་འཛིན་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་པ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་མཐོངས་བཀོད་སྒྲིག་ལུགས་མཐུན། དོན་སྙིང་ཅན་དང་། ཞིབ་ལས་ཅན། འབྱུང་འཕྲོད་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། ལས་ཀར་འཚམ་པ་དང་། སྡོད་མལ་ལ་འཚམ་པ། སྤྲོ་སྐྱིད་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་པ། མི་དམངས་ལ་ཐོབ་སྣང་དེ་བས་མང་པོ་འཐོབ་པ་བཅས་བྱས་ཏེ། མི་དམངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཧྲང་ཧའེ་ཡིས་མི་ཚང་མར་མི་ཚེའི་ངོ་མཚར་གཏོད་པའི་གོ་སྐབས་ཡོད་པ་དང་། མི་ཚང་མ་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་ཞུགས་ཐུབ་པ། མི་ཚང་མར་སྤུས་ཚད་ལེགས་པའི་འཚོ་བ་ལོངས་སྤྱོད་ཐུབ་པ། མི་ཚང་མར་དྲོ་སྐྱིད་ཏན་ཏིག་ཚོར་ཐུབ་པ། མི་ཚང་མར་ཁོངས་གཏོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་བཅས་མི་དམངས་ཀྱི་གྲོང་ཁྱེར་འཛུཌ་སྐྲུན་བྱེད་པའི“མི་ཚང་མར་ཡོད་པ་ལྔའི”འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་རེད།

    2020ལོའི་ཟླ་11ཚེས་12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་མོ་ཕྱེ་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གསུང་བཤད་གལ་ཆེན་ནང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་ཞབས་འདེགས་དོ་མཉམ་ཅན་དང་སྤུས་ལེགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

    མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། ཧྲང་ཧའེ་ཡིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཡོད། ཧྲང་ཧའེ་གྲོང་ཨུད་ཀྱིས་ལོ་དྲུག་བསྟུད་མར་བརྟག་ཞིབ་ཆེན་པོའི་ལས་དོན་སྤེལ་བར་བརྟེན་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཕྱིན་པ་དང་འབྲེལ་ལས་དོན་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་བྱེད་པའི་གཏན་འབེབས་བཟོས་ཏེ་མང་ཚོགས་ཀྱི“བསམ་ཚུལ”ལས་ཀའི“བྱེད་ཐབས”སུ་གྱུར་པ་དང་གྲོང་མིའི“ཐབས་མཆོག”འཕེལ་རྒྱས་ཀྱི“ཐབས་བཟང”དུ་གྱུར་པར་བྱས་ཡོད། གྲོང་ཁྱེར་དང་ཆུས་རིམ་གཉིས་ཀྱིས་རང་འགུལ་ངང་མི་དམངས་ཀྱི་གྲོས་འགོ་ཁག་བསྡུ་ལེན་བྱས་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་ཡོད།

    ད་ཆ་ཧྲང་ཧའེ་གྲོང་ཁྱེར་གྱི་སྤྱི་པའི་ཞབས་འདེགས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས“སྐར་མ་15ཡི་སྡེ་ཁུལ་འཚོ་བའི་འཁོར་རྒྱ”དམངས་ཕན་དམངས་བདེ་དང“ལྟེ་བའི་གྲོང་ཁུལ་གྱི་སྐར་མ་10དང་གྲོང་འདབས་ཀྱི་སྐར་མ་15ཡི་སྤྱི་པའི་རིག་གནས་ཞབས་ཞུའི་འཁོར་རྒྱ”བཅས་གཞི་རྩའི་ཆ་ནས་གྲུབ་ཡོད་ལ་རྒན་གསོའི་ཞབས་འདེགས་དང་། དམངས་ཕན་ཞོགས་ཟས། སྤྱི་པའི་སྡོད་ཁང་རྙིང་པར་གློག་སྐས་སྒྲིག་སྦྱོར་སོགས་དོན་དངོས་16ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།