སྤྱོད་པ་ཚུལ་མཐུན་དང་དཔོན་བྱེད་སྤྱོད་གཙང་ནི་གུང་ཁྲན་ཏང་མི་བྱེད་པའི་རྩ་བ་ཡིན་པ་དང་། རང་ལུས་རང་གཅེས་དང་སྒེར་དོར་སྤྱི་སྐྱོང་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་གི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་རང་རྟོགས་ངང་དམིགས་བསལ་གྱི་དབང་ཆའི་བསམ་བློ་དང་དམིགས་བསལ་གྱི་དབང་ཆའི་སྣང་ཚུལ་ལ་འཐབ་རྩོད་བྱས་ཏེ། རུལ་སུངས་ལ་སྔོན་འགོག་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་རེད”ཅེས་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གངས་ལྗོངས་ས་མཐོའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་པར་དམིགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མིག་དཔེ་དྲུག”གི་ནང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱས་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ་དང་། གཞུང་དྲང་རང་ཚུགས་ཟིན་པ། སྤྱོད་གཙང་རང་སྲུང་བཅས་བྱས་ཏེ་རང་གཟབ་དང་། ཆུང་ཟོན། འགོ་ཟོན། མཇུག་ཟོན་བཅས་བྱས་ནས། སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱས་ཏེ་སྤྱོད་པ་གཙང་མ་བྱེད་པ་དང་ལས་དྲང་པོ་དྲང་གཞག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་པར་ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་བྱས་ཏེ་བསམ་པའི་ལམ་སྒྲོན་གྱིས་ཐོག་མའི་བསམ་འདུན་རབ་ཏུ་འཕྲོ་བར་བྱེད་དགོས། གསར་བརྗེའི་སྔོན་བྱོན་པ་ཚོའི་འོད་སྟོང་འཕྲོ་བའི་མཛད་རྗེས་དང་དཔའ་བོ་དཔེ་བཟང་གི་བླ་ན་མེད་པའི་ཀུན་སྤྱོད་ནི་ནམ་ཡང་ཉམས་པ་མེད་པའི་བསམ་པའི་ལམ་སྒྲོན་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྗེས་མཐུད་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། བླ་ན་མེད་པའི་ཀུན་སྤྱོད་སྐྱེད་སྲིང་བཅས་བྱེད་པའི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་རེད། འགོ་ཁྲིད་ལས་བྱེད་པས་ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་བྱེད་པར་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་གཤིས་བློ་སྦྱོང་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཀུན་སྤྱོད་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ནས“སྲུང་སྐྱོང་གཉིས”ཁྲག་རྒྱུན་དང་བླ་སྲོག་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་བརྟེན་ནས་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་རེད། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་པའི་སྤྱོད་བཟང་རྒྱུན་ཆད་མེད་པར་ཞུན་བརྡར་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གཏོད་དགོས། རང་གཅུན་ནན་པའི་ཀུན་སྤྱོད་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ཏེ། སེམས་པ་གུས་ཤིང་སྐྲག་པ་དང་། ལག་ཏུ་གཅུན་ལྕག་འཛིན་པ། རང་གཟབ་ཆུང་ཟོན་བྱེད་པ། རང་ངོས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་དང་ཀུན་སྤྱོད་ལ་བརྟེན་ནས་ཟིལ་ཤུགས་འཕེལ་བར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ལ་དོ་སྣང་བྱས་ཏེ་སྤྱོད་གཙང་རང་གཅུན་གོ་རྟོགས་ལ་གྱུར་པ་དང་། རང་གཅུན་གཟབ་ནན་གོམས་གཤིས་ལ་གྱུར་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་གཤིས་རྒྱུད་ལ་འགྱུར་བ་བཅས་བྱེད་དགོས།
གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་པར་ཀུན་སྤྱོད་ལ་བརྟེན་ནས་སྤྱོད་གཙང་སྐྱེད་སྲིང་བྱས་ཏེ་ཏང་གཤིས་ཀྱི་རྩ་དོན་ལ་བརྟེན་ནས་མཐའ་ཚད་བརྟན་པོར་སྲུང་དགོས། ཏང་ཡོན་ལས་བྱེད་པས་སྤྱོད་གཙང་རང་གཅུན་བྱེད་ཐུབ་མིན་གྱི་བསླུ་བྲིད་ཆེ་ཤོས་ནི་རང་ཉིད་རེད་ལ། རྒྱལ་ཁ་ལེན་ཁག་ཤོས་ཀྱི་དགྲ་བོའང་རང་ཉིད་རེད། མི་ཚུལ་ལྡན་ཞིག་བྱེད་པ་དང་། བྱ་བ་སྒྲུབ་པ། དབང་ཆ་སྤྱོད་པ། གྲོགས་པོ་སྒྲིག་པ་བཅས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཚེ་གཞི་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་། ཆབ་སྲིད་ཀྱི་སྲོག་ཐིག ཡང་དག་པའི་མི་ཚེའི་རིན་ཐང་ལྟ་བ་བཅས་བསྲུངས་ཐུབ། ཀུན་སྤྱོད་ལ་བརྟེན་ནས་སྤྱོད་གཙང་འཕེལ་བར་བྱེད་པ་ནི་ཏང་གཤིས་ཀྱི་བླང་བྱ་གཞིར་བཟུང་། རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་གྱིས་ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་འབྲེལ་བར་སྣང་ཆེན་མི་བྱེད་པ་དང་། སྤྱོད་བཟང་ལ་སྣང་ཆེན་བྱེད་པ་ལས་སྒེར་གྱི་བརྩེ་དུང་ལ་སྣང་ཆེན་མི་བྱེད་པ། རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ལ་རྒྱར་སྣང་ཆེན་མི་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་བྱེད་པ། མཐའ་ཚད་སྲུང་བ་བཅས་བྱས་ནས། དབང་ཆ་དང་། མང་ཚོགས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལ་སྔ་ཕྱི་བར་གསུམ་དུ་གུས་སྐྲག་གི་བསམ་པ་འཆང་བ་དང་།བསླུ་བྲིད་དང་། ལྐོག་གནོད་སྐྱེལ་བ།“གཞོགས་འདྲིད་སྐོར་གཏིབ”བཅས་ལ་སྔ་བར་ཕྱི་གསུམ་དུ་དོགས་ཟོན་གྱི་སེམས་པ་བཅངས་ཏེ། བསམ་བློའི་འགོག་སྲུང་འཛིང་རགས་དང་། ཏང་གཤིས་རྩ་དོན་གྱི་མཐའ་ཚད། ཁྲིམས་སྲོལ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་བཅས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས།
གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་སྤྱོད་གཙང་ཁྱིམ་སྐྱོང་གི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས། གསར་དུ་བཟོས་པ་དང་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ནང་། “ཁྱིམ་སྲོལ་གྱི་དོན་ཚན”གཏན་འབེབས་བྱས་ནས་འགོ་ཁྲིད་ལས་བྱེད་པར“སྤྱོད་གཙང་ཁྱིམ་སྐྱོང”ཐུབ་པ་བྱས་ཏེ་ཁྱིམ་སྲོལ་འཛུགས་སྐྱོང་དེ“བླང་བྱ་ནན་པོ”ནས“ལྷུག་ཡང་གཅུན་འདོམས”ལ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་སྤྱོད་གཙང་རིག་གནས་ཀྱི་བློ་གྲོས་བསྡུ་ལེན་དང་། གསར་བརྗེའི་རིག་གནས་ཁྲོད་ནས་སྤྱོད་གཙང་རིག་གནས་ཀྱི་འཚོ་བཅུད་སྔོག་འདོན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་ནས་སྤྱོད་གཙང་གི་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱས་ནས། སྣེ་ཁྲིད་དེ་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་ལ་ངོ་རྒོལ་དང་། སྣེ་ཁྲིད་དེ་ཁྱིམ་སྲོལ་བཟང་པོ་གསོ་སྐྱོང་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ཏེ་རང་ཉིད་ལ་དོ་དམ་ཡག་པོ་བྱེད་པ་དང་ཆབས་ཅིག ནང་མི་དང་། གཉེན་ཉེ། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་སློབ་གསོ་དང་དོ་དམ་ནན་པོ་བྱས་ནས་མི་གཞན་ལ་བསྒྲུབ་དགོས་པའི་བླང་བྱ་བཏོན་རིགས་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སྒྲུབ་དགོས་པ་དང་། གཞན་ལ་བྱེད་མི་ཆོག་པའི་རེ་བ་བཏོན་རིགས་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་མི་བྱེད་པར། བག་ཡོད་ཚུལ་དང་ལྡན་པ་ཞིག་བྱས་ཏེ་མི་ཆོས་གཙང་མ་དང་། གཞུང་དྲང་ལས་སྒྲུབ། སྤྱོད་གཙང་སྲིད་སྐྱོང་བཅས་བྱེད་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་ཚོད་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་པས། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ནས། རང་ཚུགས་ཐུབ་པའི་མི་ཚུལ་ལྡན་ཞིག་བྱེད་པའི་རྩ་བ་མི་བརྗེད་པ་དང་། སྲིད་དོན་སྐྱོང་བར་གཞུང་ཞབས་པ་ཡིན་པའི་བསམ་བློ་མི་འདོར་བ། དབང་ཆ་སྤྱོད་སྐབས་དམངས་ལ་བསམ་བློ་མང་ཙམ་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་སྲིད་སྐྱོང་དང་། སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་ཁྱིམ་སྐྱོང་བཅས་ཀྱི་མིག་དཔེ་ཡག་པོ་ཞིག་བྱེད་པ་དང“སྣེ་ཁྲིད་པའི་ནུས་པ”དངོས་འབྲེལ་འདོན་ཐུབ་པ་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཆབ་སྲིད་ཀྱི་འགན་ལེན་དང་། སྒྲིག་ཁྲིམས་ཀྱི་འགན་ལེན། སྤྱོད་ཚུལ་གྱི་འགན་ལེན་བཅས་བརྟན་པོ་ཞིག་བྱེད་དགོས།