དབུ་ཤོག>ཆེད་སྒྲིག
  • དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-06-24

    མཐུན་སྒྲིལ་ནི་ལས་སྒྲུབ་ལས་གཏོད་ཀྱི་རྨང་གཞི་རེད་ལ། འགོ་ཁྲིད་ཚན་ཁག་གི་སྲོག་རྩ་ཡང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐུན་སྒྲིལ་བྱས་ན་གོང་བུར་སྒྲིལ་ནུས་དང་། འཐབ་འཛིང་བྱེད་ནུས། ཐོན་སྐྱེད་བྱེད་ནུས་བཅས་གསར་པ་ཐོན་ཐུབ་ལ། ལས་བྱེད་པའང་ཐོན་ཐུབ”ཅེས་མཛུབ་སྟོན་ཟབ་མོ་གནང་ཡོད། བོད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་ནི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་ཤུགས་སྣོན་རྒྱག་དགོས་པ་འདི་ཡིན་ཞིང་། འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད་ལ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་ལས་སྒྲུབ་ལ་ཐུག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། “མིག་དཔེ་དྲུག”གི་ཐད། ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར“དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། སྣེ་ཁྲིད་ནས་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་དགོས”ཞེས་བཏོན་གནང་སྟེ། འགོ་ཁྲིད་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་བསྒྲུབས་ནས། ཏང་གི་བྱ་གཞག་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས། མི་དམངས་ཀྱི་ཁེ་ཕན་བཅས་གཙོ་བོར་བཟུང་སྟེ“མཐུན་སྒྲིལ་དང་། ཛ་དྲག སྒམ་བརླིང་། གྲུང་པོ”བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་ནས། སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་སྒྲིལ་སྲུང་སྐྱོང་། མཐུན་སྒྲིལ་ཟབ་གཏོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་པར་ལམ་ལུགས་དོན་འཁྱོལ་ལ་བརྟེན་ནས་མཐུན་སྒྲིལ་འགན་ལེན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་རང་རེའི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ལམ་ལུགས་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དང་སྲིད་ཏང་གཞན་དག་དབར་དབྱེ་བ་འབྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ་ནི་ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུར་སྒྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་འགན་ལེན་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་རྩ་དོན་ལྟར་བྱ་བ་མཐའ་འཁྱོངས་བསྒྲུབས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་དང་། དམངས་གཙོས་གཞིར་བྱས་གཅིག་སྡུད་དང་གཅིག་སྡུད་མཛུབ་ཁྲིད་བྱེད་པའི་འོག་གི་དམངས་གཙོ་ཟུང་འབྲེལ་དང་། མཉམ་སྡེབ་ཀྱི་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་འཁུར་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་དང་། བློ་བསྡུས་དགེ་འཚོལ། དྲང་པོ་དྲང་གཞག ལྷག་བསམ་ཟོལ་མེད་བཅས་བྱེད་དགོས་པ་མ་ཟད། གཅིག་སྡུད་གཅིག་གྱུར་ཡང་མཐའ་འཁྱོངས་བྱེད་དགོས། རྩ་འཛུགས་ཀྱི་འདོད་བློ་དང་། ཐུན་མོང་གི་འདོད་བློ། ཏང་གི་འདོད་བློ་བཅས་ལྟར་ལས་དོན་བསྒྲུབས་ཏེ། འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ། དོན་ཆེན་སྒྲུབ་སྐབས་རྩ་དོན་ལ་སྣང་ཆེན་དང་དོན་ཆུང་སྒྲུབ་སྐབས་སྤྱོད་བཟང་ལ་སྣང་ཆེན་བཅས་བྱས་ནས། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་ལེན་མཐའ་གཅིག་ཏུ་བསྟར་ཞིང་ནུས་པ་ལྡན་པ། བྱ་བ་སྒྲུབ་སྐབས་ཁྲིམས་དང་མཐུན་ཞིང་ལས་ཕྱོད་ཆེ་བ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས།

    སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་པར་ཐུན་མོང་གི་དོན་གཉེར་ལ་བརྟེན་ནས་མཐུན་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་དགོས། “མཐུན་སྒྲིལ་བྱེད་ཤེས་ན་སྤྱང་པོ་དང་། མཐུན་སྒྲིལ་བྱེད་ཤེས་ན་འཇོན་ཐང་ངོ་མ་རེད” “མཐུན་སྒྲིལ་བྱེད་ཤེས་པའི”འཇོན་ཐང་ངོ་མ་སྦྱོང་ཐུབ་མིན་གྱི་འགག་རྩ་ནི་ཐུན་མོང་དོན་གཉེར་ལ་བརྟེན་ནས་མཐུན་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་བར་ཐུག་ཡོད། སེམས་ལ་ཐུན་མོང་གི་དད་སེམས་དང་ཐུན་མོང་གི་དོན་གཉེར་ཡོད་ཚེ་གཞི་ནས་འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་བློ་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ལྡན་པའི་དམག་དཔུང་ཞིག་གཏོད་ཐུབ། “ལོ་བརྒྱ་གཉིས་པའི”ལོ་རྒྱུས་ཀྱི་འདྲེས་མཚམས་སུ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པ་དང་། ངེས་པར་དུ“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས།

    སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་པར་སྲ་ཞིང་བརྟན་པའི་ཏང་གཤིས་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས། ཏང་གཤིས་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་རྩ་དོན་ལྡན་པའི་མཐུན་སྒྲིལ་དང་ཡིན་མིན་གསལ་འབྱེད་ཀྱི་མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ་དེ་ནི་མཐུན་སྒྲིལ་ངོ་མ་རེད། དེས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་མཐུན་སྒྲིལ་རྒྱུན་འཁྱོངས་ལ་ཕན་ཐོགས་ཡོད་ལ། བྱ་གཞག་འཕེལ་རྒྱས་ཀྱི་མཐུན་སྒྲིལ་ལའང་ཕན་ཐོགས་ཡོད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་སྔར་བས་ཟབ་ཏུ་བཏང་སྟེ། རང་བཞིན་བཟང་བའི་མི་ཞིག་བྱེད་པ་དང་རང་འགན་ཇི་བཞིན་ལས་དོན་སྒྲུབ་པ། རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་མི་སྲུང་བ། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་གྱི་འབྲེལ་བར་མི་ལྟ་བ་བཅས་ཀྱིས། དོན་དག་འཕྲད་སྐབས་འབྲེལ་གཏུག་མང་ཙམ་དང་། གྲོས་བསྡུར་མང་ཙམ། དྲན་སྐུལ་མང་ཙམ། རོགས་རམ་མང་ཙམ་བཅས་བྱས་ཏེ་ཡིན་ལུགས་ཚུལ་ལྡན་གྱི་རིམ་པ་གོང་འོག་གི་འབྲེལ་བ་དང་། གཙང་མ་གཙང་རྐྱང་གི་བློ་མཐུན་དབར་གྱི་འབྲེལ་བ། གཞུང་དྲང་གི་ལས་ཀའི་འབྲེལ་བ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་བཅས་ཆགས་པར་བྱེད་དགོས། རྩ་ཆེའི་གནས་ལུགས་ཤེས་རྟོགས་དང་སྤྱི་ཡོངས་ལ་ལྟ་རྟོག སྲོལ་བཟང་དར་སྤེལ་དང་སྤྱོད་བཟང་དར་སྤེལ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བྱ་གཞག་དང་། སྤྱི་ཡོངས། མི་དམངས་ཀྱི་ཁེ་ཕན་བཅས་གཙོ་བོར་བཟུང་ནས། སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་སྟོན་པ་ཆབ་སྲིད་ཀྱི་གཤིས་རྒྱུད་དང་མི་ཚེའི་རྟོགས་པར་བརྩིས་ནས་དོན་གཉེར་བྱེད་པ་དང་། དྲེགས་མེད་ཁེངས་སྐྱུང་གི་ཁོག་ཡངས་དང་། ལེགས་ཆ་མྱུར་ལེན་གྱི་བློ་ཁ། ལྷག་བསམ་རྣམ་དག་གི་བློ་རྒྱ་བཅས་མྱོང་བརྡར་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྙིང་སྟོབས་ཆེ་རུ་བཏང་སྟེ། གོང་གིས་འོག་ལ་སྣེ་ཁྲིད་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ་དང་རྒྱང་ལམ་གསར་པར་སྐྱོད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་བསྟན་ནས“འགག་རྩའི་ཉུང་ཤས”ཀྱི“འགག་རྩའི་ནུས་པ”གང་ལེགས་བཏོན་ཏེ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བསམ་བློ་གཅིག་ཏུ་གཏོང་བ་དང་། ངར་ཤུགས་གཅིག་ཏུ་སྒྲིམ་པ། དམངས་སེམས་གཅིག་མཐུན་དང་དོན་དམ་བོད་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་ཡུལ་ཁམས་གསར་པའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།