དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-22

    དུས་སྐབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་ཆེན་གསར་གཏོད་དང་སྐུལ་འདེད་གཏོང་བར་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། 《གྲོས་ཆོད》དུ་བསྟན་དོན། “ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོས་སྐྱོང་དགོས། བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་ཆེན་གསར་གཏོད་དང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད” སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་དུས་སྐབས་གསར་པར། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་ཆེན་གསར་གཏོད་གནང་བ་དང་། བློ་མཐུན་ཅང་ཙེ་མིན་གྱིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མི་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་ཆེན་གསར་པའི་སྤྱིའི་དམིགས་ཚད་གཞིར་བཟུང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོས་སྐྱོང་དགོས་པ་ནན་བཤད་གནང་སྟེ་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། ལམ་ལུགས། རུལ་རྒོལ་གཙང་སྤེལ་བཅས་ཀྱི་ཐད་བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས། འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རུལ་འགོག་འགྱུར་ཟོན་དང་ཉེན་ཁ་འགོག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་ཆེན་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་གནང་ཡོད། དེའི་ཐད་གཤམ་གྱི་ཕྱོགས་གསུམ་ནས་སྔར་བས་གོ་བ་ལེན་ཆོག་པ་སྟེ།

    དང་པོ། བྱ་ཐབས་ཏན་ཏིག་སྤྱད་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ། སྒྱུར་བཅོས་སྒོ་དབྱེའི་དུས་འགོར། ཏང་གི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་སྔར་བས་ཆེ་རུ་གཏོང་ཆེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལ་གྲོས་འཆམ་བྱུང་ནས། ལོ་རྒྱུས་ཐོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་པ་དེས་ཏང་ནང་ཁུལ་གྱི་དམངས་གཙོ་སླར་གསོ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་ལ་སྲུང་སྐྱོང་། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་འགན་ལེན་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། 1983ལོའི་ཟླ་10པ་ནས་1987ལོའི་ཟླ་5པའི་བར། ཏང་ཡོངས་ལ་དུས་ཚོད་དང་ཁག་ཐེངས་བགོས་ཏེ་ཕྱོགས་ཡོངས་ནས་ཏང་ལ་དག་ཐེར་བྱས་ནས་ཏང་ནང་ཁུལ་གྱི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་མི་གཙང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། དུས་སྐབས་དེར་ཏང་གིས་གསར་བརྗེ་ཅན་དང་། ན་གཞོན་ཅན། ཤེས་ཡོན་ཅན། ཆེད་ལས་ཅན་བཅས་ཀྱི་བྱེད་ཕྱོགས་ལྟར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། གཞོན་དར་ལས་བྱེད་པར་གདམ་གསེས་ཤུགས་ཆེན་བྱས་ནས་ལས་བྱེད་པའི་དཔུང་ཁག་རྙིང་ཚབ་གསར་བརྗེས་ལ་སྐུལ་འདེད་བཏང་ཡོད།

    གཉིས་པ། ཏང་འཛུགས་སྐྱོང་གི་སྤྱིའི་དམིགས་ཚད་དང་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཆེན་པོ་གཉིས་ཁ་གསལ་བཟོས་པ། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར《ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་བཅས་བྱས་ཡོད། དུས་རབས་20པའི་ལོ་རབས་90པར། ཏང་ཀྲུང་དབྱང་གིས་རང་ངོས་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཚད་དང་། ལས་འགན། ཐབས་ལམ་བཅས་འཚོལ་ཞིབ་ཧུར་ཐག་གིས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་གཏོང་བྱས་ཡོད། ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར《ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྐབས་ཀྱི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》བཏོན་ནས་དུས་སྐབས་གསར་པར་ཏང་འཛུགས་སྐྱོང“འདུ་འགོད་རླབས་ཆེན་གསར་པའི”མཐོ་ཚད་དུ་བཞག་ནས་ཏང་འཛུགས་སྐྱོང་གི་སྤྱིའི་དམིགས་ཚད་ཁ་གསལ་བཏོན་ཡོད། དུས་རབས་བརྗེ་མཚམས་སུ་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་དམིགས་ནས། ཏང་གིས་ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། རུལ་འགོག་འགྱུར་ཟོན་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཆེན་པོ་གཉིས་བཏོན་ཏེ། ཏང་དེ་བས་འགྱུར་མེད་སྟོབས་ལྡན་དང་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཏུ་འགྱུར་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མུ་མཐུད་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པའི་འབད་བརྩོན་བྱས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཏང་གི་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། 1998ལོའི་ཟླ་11པ་ནས་2000ལོའི་ལོ་མཇུག་བར། ཏང་ཡོངས་ཀྱིས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དུས་ཚོད་དང་ཁག་ཐེངས་བགོས་ནས“སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྲོལ་བཟང་ལ་སྣང་ཆེན”བཅས་ནང་དོན་གཙོ་བོར་བྱས་པའི་ཏང་གཤིས་དང་ཏང་སྲོལ་གྱི་སློབ་གསོ་སྤེལ་བ་ནི། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་འཛུགས་སྐྱོང་དང་ལྷག་པར་དུ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་འགོ་ཁྲིད་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གསར་གཏོད་ཀྱི་རང་བཞིན་དང་འཚོལ་ཞིབ་ཀྱི་རང་བཞིན་ལྡན་པའི་ལག་ལེན་ཞིག་རེད། 2000ལོའི་དགུན་ཁ་དང་2001ལོའི་དཔྱིད་ཀ་ནས་བཟུང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་དུས་ཡུན་ལོ་གཉིས་ཙམ་གྱི“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    གསུམ་པ། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་གྱི་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཏང་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ། དུས་རབས་གསར་པ་དང་དུས་མཚམས་གསར་པར། ཏང་ཀྲུང་དབྱང་གིས་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་གྱི་རང་བཞིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར《ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། ཏང་གི་སྲིད་སྐྱོང་ཐབས་ཇུས་སྔར་བས་འཐུས་ཚང་དང་། སྲིད་སྐྱོང་སྒྲིག་སྲོལ་སྔར་བས་འཐུས་ཚང་། སྲིད་སྐྱོང་སྟངས་སྔར་བས་ཚན་རིག་དང་མཐུན་པ། སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་བཅས་ལ་འབད་བརྩོན་བྱས་ཡོད། 2005ལོ་ནས་2010ལོའི་བར། ཏང་ཡོངས་ཀྱིས་སྔ་རྗེས་སུ“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ལག་ལེན་བསྟར་བ་ནང་དོན་གཙོ་བོར་བྱས་པའི་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་གྱི་རང་བཞིན་རྒྱུན་འཁྱོངས་བྱེད་པའི་སློབ་གསོའི་བྱེད་སྒོ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཏང་འཛུགས་སྐྱོང་ཚན་རིག་ཅན་གྱིི་ཆུ་ཚད་མཐོ་རུ་གཏོང་བའི་བརྗོད་གཞི་གལ་ཆེན་དང་ལས་འགན་གལ་ཆེན་བཏོན་ཡོད། 2010ལོའི་ཟླ་4པར། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་ལ་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་གཏོད་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་བརྩོན་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་མ་ཟད། དེ་ཏང་འཛུགས་སྐྱོང་བྱེད་པའི་རྒྱུན་གཏན་གྱི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཐག་བཅད་པ་རེད། ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཏང་དང་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པའི་མཐོ་ཚད་དུ་མཐོ་རུ་བཏང་བ་དང་། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་འཚམ་ལ། སློབ་གསོ་དང་། ལམ་ལུགས། ལྟ་སྐུལ་བཅས་གལ་ཆེ་མཉམ་འཛིན་གྱི་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་དགོས་པའི་དམིགས་ཚད་བཏོན་པ་རེད། ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་རྗེས། ཏང་གིས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།