དབུ་ཤོག>ཆེད་སྒྲིག
  • “ངས་བརྩེ་བ་ཟབ་མོ་བཅངས་པའི་ས་གཞི་འདིར་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-22

    ཁོང་དེ་སྔ་ས་བབ་མཐོ་ཚད་སྨི་4900ཟིན་པའི་ཐ་ཁེ་ཤུན་མཐའ་སྲུང་སོ་ལྟ་ཁང་དུ་མཐའ་མཚམས་སྐོར་གཡེང་དང་སྲུང་སྐྱོང་བྱེད་མྱོང་ཡོད་ལ། ས་བབ་མཐོ་ཚད་སྨི་5318ཟིན་པའི་བྲག་སྐོར་ལ་མཐའ་སྲུང་སོ་ལྟ་ཁང་དུ་མཐའ་སྲུང་ལས་འགན་ཡང་སྒྲུབ་མྱོང་ཡོད། ཁོང་ནི་བཅའ་སྡོད་བྱ་ཡུལ་མང་ཚོགས་ཚོས་བསྔགས་བརྗོད་བྱེད་པའི“བཅིངས་འགྲོལ་དམག་མི”རེད་ལ་མཐའ་མཚམས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལམ་བུའི་ཐོག་གི་མིག་དཔེ་བཟང་པོ་ཞིག་ཀྱང་རེད།

    ཁོང་ནི“རྒྱལ་ཡོངས་ཀྱི་དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོ”དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་2022ལོའི“དཔུང་སྡེའི་སློབ་ཁུངས་ཀྱི་དམིགས་འཛུགས་སློབ་མ”ཞུའེ་ཞང་ཝུའེ་རེད།

    2016ལོའི་ཟླ་9པར“མཐའ་མཚམས་ལ་བྱས་རྗེས་འཇོག་པའི”ལང་ཚོའི་ཕུགས་འདུན་འཆང་བཞིན་སློབ་ཆེན་འགྲིམ་བཞིན་པའི་ཞུའེ་ཞང་ཝུའེ་ཧྲང་ཧའེ་གྲོང་ཁྱེར་དུ་དམག་དཔུང་ནང་ཞུགས་ནས་མ་སྐུལ་དང་བླངས་ཀྱིས་ཁོར་ཡུག་ཞན་ཤོས་དང་ཆ་རྐྱེན་ཞན་ཤོས་ཀྱི་མཐའ་མཚམས་སུ་དམག་ཞབས་ཞུ་བར་འགྲོ་རྒྱུའི་རེ་འདུན་ཞུས། དམག་སྒར་གྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་གསོ་སྐྱོང་འོག་མཐའ་མཚམས་སུ་གཞི་ཚུགས་པ་དང་། མཐའ་མཚམས་ལ་ལེགས་སྐྱེས་འབུལ་བ། མཐའ་མཚམས་སུ་མཉམ་འདྲེས་བྱེད་པ་བཅས་ཀྱི་ས་བོན་ཁོང་གི་སེམས་སུ་རིམ་བཞིན་མྱུ་གུ་འབུས་པ་དང་སྐྱེ་སྟོབས་རྒྱས་ཡོད།

    2018ལོར། ཞུའེ་ཞང་ཝུའེ་ཡིས་རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བའི”འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱིས་མཁོ་འདོན་བྱས་པའི་སློབ་འཕར་དང་། ལས་ཞུགས། གཞིས་ཆགས་སོགས་དམག་ཞབས་ཐིམ་པའི་གཟིགས་སྐྱོང་བློས་བཏང་ནས་གཉེན་ཉེ་དང་གྲོགས་པོ་ཚོའི་ཁ་ཏ་བསླབ་བྱར་མ་ཉན་པར“དམག་དཔུང་གི་སློབ་ཁུངས་དམིགས་འཛུགས་སློབ་མའི”མིང་ཐོག་ནས་བོད་ཀྱི་ས་གནས་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་ཡོང་།

    མཐའ་སྲུང་དཔུང་སྡེའི་དཀའ་སྡུག་ནི་མི་རྣམས་ཀྱིས་མཐོང་བ་ཙམ་གྱིས་དཔའ་ཞུམ་དགོས་པ་ཞིག་ཡོད། དམག་དཔུང་ལ་ཞུགས་ནས་བོད་དུ་ཡོང་རྗེས་ཞུའེ་ཞང་ཝུའེ་ཡིས་ལ་དུག་དང་། གསོ་རླུང་མི་འདང་བ། མཐོ་གྲང་། བྱེ་རླུང་། སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་ཟེར་སོགས་ཀྱི་འགྲན་སློང་རབ་དང་རིམ་པ་ཁྱད་དུ་བསད་ནས། འཐབ་གྲོགས་ཚོ་དང་མཉམ་དུ་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་གསོ་རླུང་འདུས་ཚད་ཐང་གཤོངས་ས་ཁུལ་གྱི་ཕྱེད་ཀའང་མ་ཟིན་པའི་ས་ཆར་སྐད་གྲགས་མེད་པར་མཐའ་སྲུང་ལས་འགན་བསྒྲུབས།

    མཐའ་མཚམས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་སྙིང་ཉེ་པོས་འགྲོ་འོང་བྱེད་པའི་བརྗེད་པར་དཀའ་བའི་མྱོང་བརྒྱུད་ལས་ཞུའེ་ཞང་ཝུའེ་ཡིས“ཕ་ཡུལ་གཉིས་པ”བོད་ལ་བཅངས་པའི་དམིགས་བསལ་གྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།

    2017ལོར། ཞུའེ་ཞང་ཝུའེ་ཡིས་རང་འགུལ་ངང་དཔུང་སྡེའི་ཏང་ཨུད་ལ་ཆ་སྒྲིག་རོགས་སྐྱོར་གྲོང་ཚོའི་དབུལ་སྒྲོལ་ཐུབ་མེད་པའི་མང་ཚོགས་ཀྱི་གཞི་རྩའི་ཆ་འཕྲིན་ཞིབ་དཔྱད་དང་། ཐོ་འགོད། འཚམས་འདྲི་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུའི་རེ་འདུན་ཞུས།

    ས་ཡུལ་དངོས་སུ་འཚམས་འདྲི་བྱེད་རིང་། ཞུའེ་ཞང་ཝུའེ་ཡིས་པར་ཆས་དང་དཔེ་རིས་འཁྱེར་ནས་ཆ་སྒྲིག་རོགས་སྐྱོར་གྲོང་ཚོའི་ས་ཆ་གང་སར་བསྐྱོད་དེ་དཔུང་སྡེར་གནད་སྨིན་དབུལ་སྐྱོར་གྱི་འཆར་གཞི་ལག་ལེན་བསྟར་བར་བློས་འཁེལ་བའི་དཔྱད་ཡིག་མཁོ་འདོན་བྱས་པ་དང་འབྲེལ། དཔུང་སྡེ་དང་མཉམ་དུ་མི་རིགས་ཁག་གི་མང་ཚོགས་ལ་འོས་འགན་ངང་སྐྲ་བཞར་རོགས་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་ལ་སྨན་རྫས་སྤྲོད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་དངོས་ཟོག་སྤྲོད་པ་བཅས་བྱས།

    དམག་ཞབས་ཞུ་རིང་། ཞུའེ་ཞང་ཝུའེ་རང་སོ་སོའི་དཔུང་སྡེའི་དམག་དམངས་མཉམ་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། མཐའ་མཚམས་སྐོར་ཞིབ་དང་སྲུང་སྐྱོང་སོགས་ཀྱི་ལས་འགན་དང་བྱ་སྤྱོད་སྣ་ཚོགས་ནང་ཞུགས་ནས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དང་། དིང་རི་རྫོང་། གམ་པ་རྫོང་། གྲོ་མོ་རྫོང་། གཉའ་ནང་རྫོང་། འགྲམ་མཐའ་མཚམས་འགག་སྒོ་སོགས་རྫོང་དང་ཤང་མང་པོར་སྐྱོད་མྱོང་ཡོད། ལས་འགན་ཁག་གཟེངས་སུ་ཐོན་པོས་ལེགས་སྒྲུབ་བྱས་པར་བརྟེན། དམག་ཞབས་ལོ་གཉིས་ཞུ་རིང་ཞུའེ་ཞང་ཝུའེ་ལ་སྔ་རྗེས་སུ“སྔོན་ཐོན་མི་སྒེར”གྱི་གཟེངས་བསྟོད་ཐེངས་1ཐོབ་པ་དང“ཕུལ་བྱུང་འོས་འགན་དམག་མིའི”གཟེངས་བསྟོད་ཐེངས་2ཐོབ་པ་མ་ཟད། དམག་ཞབས་ཐིམ་པའི་ལོ་དེར་གནས་སའི་ཚན་པའི་མི་སྒེར་གྱི“བྱས་རྗེས་རིམ་པ་གསུམ་པ”འཇོག་མཁན་འོས་འགན་དམག་མི་འབའ་ཞིག་ཏུ་གྱུར་ཡོད།

    དམག་ཞབས་ཐིམ་རྗེས། བོད་ཀྱི་དམིགས་བསལ་གསོ་སྐྱོང་གི་གཞོན་ནུ་ཤེས་ལྡན་པ་ཞིག་ཡིན་རྐྱེན་སློབ་གྲྭའི་ཏང་ཨུད་ཀྱིས་རྟོག་ཞིབ་དང་ཆོག་མཆན་སྤྲད་པ་བརྒྱུད། ཞུའེ་ཞང་ཝུའེ་ཡིས་ལས་སློབ་གཉིས་བརྩོན་བྱས་ནས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ལོ་གསུམ་ཙམ་སློབ་སྦྱོང་དང་སྦྱོང་བརྡར་བྱས། དེའི་རིང་། ཞུའེ་ཞང་ཝུའེ་ཡིས་མི་རིགས་ཁག་གི་གཞོན་ནུ་དང་དཔུང་སྡེའི་དཔོན་དམག་ཁྲོད་དུ་མཉམ་འདྲེས་གང་ཐུབ་བྱས་ཏེ་རྒྱལ་སྲུང་སྐོར་གྱི་སྒྲོག་འགྲེལ་བྱས་པ་དང་། སྔ་རྗེས་སུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ། སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པར་ཞུགས་ཏེ་མི་རིགས་ཁག་གི་སྤུན་ཟླས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་དཔེ་མཚོན་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། མཚོན་ཚུལ་ཧ་ཅང་ལེགས་པས་2021ལོར་ཞུའེ་ཞང་ཝུའེ་ལ“རྒྱལ་ཡོངས་ཀྱི་དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།