“ཁུལ་ཆུང་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་རྗེས་འབར་འབུར་གྱི་རྡོ་གཅལ་ལམ་དེ་ཁོད་སྙོམས་པའི་ཨར་འདམ་ལམ་དུ་གྱུར་པ་མ་ཟད། ད་དུང་ཉི་འོད་ནུས་པའི་ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྲུན་རྒྱུ་ཡིན་པས། ཏང་གི་སྲིད་ཇུས་བཟང་པོར་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་ཡོད་པའི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་འཁྱུར་ངལ་གསོའི་རྟེན་གཞིའི་གྲོང་མི་ཤེས་རབ་ཀྱིས་གསར་འགོད་པར་བཤད།
གསར་འགོད་པ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་འཁྱུར་ངལ་གསོའི་རྟེན་གཞིའི་བྱེད་སྒོ་ཁང་དུ་སྐྱོད་སྐབས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ངག་དབང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བཀྲམ་པའི《2021ལོའི་རང་འབབ་ཆུ་ཀ་ལ་དང་དེ་བཞིན་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་འཁྱུར་ངལ་གསོའི་རྟེན་གཞིའི་སྡེ་ཁུལ་རྙིང་ལ་ཆུང་གྲས་ཀྱི་སྒྱུར་བཀོད་རྣམ་གྲངས་ཀྱི་མ་དངུལ་རང་གྲབས་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་ཁུལ་ཆུང་གི་གྲོང་མིར་འབྲེལ་ཡོད་ནང་དོན་འགྲེལ་བཤད་བརྒྱབ་པ་རེད། འགྲེལ་བཤད་ཉན་རྗེས་གྲོང་མི་ཚོས“དེ་ནི་དམངས་བདེ་དམངས་ཕན་གྱི་བྱ་བ་བཟང་པོ་ཞིག་རེད”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བསྟན་འཛིན་ངག་དབང་གི་སྐོར་གླེང་སྐབས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
2005ལོར་བསྟན་འཛིན་ངག་དབང་གིས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་ལས་ཀ་བྱེད་འགོ་ཚུགས་ཏེ་ད་བར་ལོ་17སོང་ཡོད། 2014ལོའི་ཟླ་བཅུ་པ་ནས་བཟུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་ཞིང་། 2017ལོའི་ཟླ་12པ་ནས་བཟུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར།
བསྟན་འཛིན་ངག་དབང་དང་སྡེ་ཁུལ་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་འོག་ཉེ་བའི་ལོ་ཤས་རིང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་རྒྱ་ཆེའི་གྲོང་མི་ཚོར་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་ཚུན་བསྟན་འཛིན་ངག་དབང་གིས་རྟག་ཏུ་མང་ཚོགས་ཁྲོད་བསྐྱོད་དེ་དཀའ་ངལ་དངོས་ཤེས་རྟོགས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། ས་ཁོངས་ནང་གི་སྒྲིག་འགལ་ལམ་བཟུང་དང་། སྒྲིག་འགལ་ཨར་སྐྲུན། ངལ་རྩོལ་གླ་ཆའི་རྩོད་གཞི་བཅས་ཐག་གཅོད་ཧུར་ཐག་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་དང་མཐུན་སྦྱོར་བྱས་ནས་འོ་མ་དང་སྔོ་ཚལ་ཐད་ཚོང་ས་ཚིགས་དང་དུད་སྦྲེལ་གྲོང་མིའི་དམངས་ཕན་ཚོང་ཁང་བཙུགས་པ། རང་ཉིད་ཀྱིས་དངུལ་བཏོན་ནས་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོགས་སྐྱོར་བྱས་པ་སོགས་རེད།
ལས་དོན་སྐོར་གླེང་སྐབས་བསྟན་འཛིན་ངག་དབང་གིས“གཞི་རིམ་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྲོ་སེམས་དང་། ལྷག་བསམ། བརྩེ་སེམས་བཅས་ཡོད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དོན་ཆུང་དོན་ཆེན་ལ་བརྩིས་ནས་སྒྲུབ་དགོས་ལ། མང་ཚོགས་ཀྱི་ཆེད་དུ་བྱ་བཟང་དང་བྱ་བ་དངོས་མང་ཙམ་སྒྲུབ་དགོས། དེ་ལྟར་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཐོབ་ཀྱི་རེད”ཅེས་བཤད།
ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་བསྟན་འཛིན་ངག་དབང་གིས་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཁོངས་མི་དང་མང་ཚོགས་ཀྱི་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་ལས་དོན་ཁག་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་པ་དང་མི་དམངས་ལ་ཞབས་འདེགས་དངོས་འབྲེལ་ཞུ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
2016ལོར་བསྟན་འཛིན་ངག་དབང་གི་སྣེ་ཁྲིད་འོག་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ། ལྗོངས་ཕྱི་ནང་གི་སྔོན་ཐོན་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་བཟང་པོ་དཔྱད་གཞིར་འཛིན་པ་བཅས་བྱས་ཡོད། གྲོང་མིའི་བསམ་འཆར་བསྡུ་ལེན་དང་ཚོགས་འདུའི་ཐོག་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད། གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་སྔ་རྗེས་སུ“སྤྱི་ཕན་མཛོད་ཁང་དང་། སྤྱི་ཕན་ཚོང་འདུས། སྤྱི་ཕན་བཟོ་ཁང”བཅས་དང་། “ཁྱིམ་མཚེས་དབར་ལྟ་རེས་སྐྱོང་རེས་བྱེད་པའི་དང་བླངས་ཞབས་ཞུ”དེ་བཞིན“རིག་གནས་གྱང་འཛུགས་སྐྱོང”སོགས་ཏང་འཛུགས་སྐྱོང་གི་ཁྱད་ལྡན་བྱེད་སྒོ་ཁག་གསུམ་སྤེལ་བས་གྲོང་མིའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།
“གཞི་རིམ་གྱི་ལས་དོན་ཞིབ་ཚགས་པོ་དགོས་ལ་བསམ་གཞིག་ཀྱང་བྱེད་དགོས་པའི་བྱ་བ་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་མི་སེར་སེམས་ནང་བཞག་ཚེ་གཞི་ནས་ལས་དོན་ཡག་པོ་སྒྲུབ་ཐུབ” “ད་ཆ་གལ་ཆེ་ཤོས་ཀྱི་བྱ་བ་ནི་ཁུལ་ཆུང་སྒྱུར་བཀོད་ཀྱི་ལས་ཀ་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་རེད”ཅེས་བསྟན་འཛིན་ངག་དབང་གིས་བཤད་པ་རེད།