དབུ་ཤོག>ཆེད་སྒྲིག
  • ཆུང་ཀྲོའུ་ཡུལ་དུ་བརྗིད་ཆེའི་འཆར་རིས་ངོམས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-06-20

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས། ཧའེ་ནན་ལ་དེ་བས་མཐོ་བའི་ཚུགས་གནས་དང་། དེ་བས་ཡངས་པའི་མིག་རྒྱང་། དེ་བས་ཆེ་བའི་བྱེད་ཐབས་བཅས་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཆུང་ཀྲོའུ་ཡི་བུ་ཕྲུག་ཚོས་དངོས་འཛིན་དངོས་སྒྲུབ་ཀྱིས་མཛེས་སྡུག་ལྡན་པའི་ཧའེ་ནན་གསར་པ་སྐྲུན་མགྱོགས་སུ་བཏང་ཡོད།

    “ཧའེ་ནན་འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དཔེ་སྟོན་ཞིག་ཏུ་འགྱུར་བ་བྱེད་དགོས”

    འདི་ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས། དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁར་ཕེབས་ནས་གྲུ་ཁ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་རྗེས། “གྲུ་ཁ་འཕེལ་རྒྱས་གཏོང་རྒྱུ་དེ་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུ་དང་ཕན་ཚུན་ཟུང་འབྲེལ་དང་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད། ཧའེ་ནན་གྱི་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་དང་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ལས་ཕན་པ་ཐོབ་པའི་ཧའེ་ནན་གྲུ་ཁ་མཁའ་འགྲུལ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས། མཁའ་ལམ་དྲ་བ་བཀོད་སྒྲིག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། 2019ལོ་ནས་བཟུང་དོས་སྒམ་འདོན་འཇུག་བྱེད་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཏེ་ན་ནིང་ཚད་ལྡན་སྒམ་ཁྲི་བརྒྱ་ལས་བརྒལ་ཡོད། གོམ་སྟབས་རྗེས་མར་ཀུང་སི་དེས་གྲུ་ཁའི་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས་རང་མོས་ཚོང་དོན་གྲུ་ཁ་སྐྲུན་ཆེད“གྲུ་ཁའི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་རིམ་བཞིན་ཧའེ་ནན་གྱི་སྒྱུར་བཅོས་སྒོ་དབྱེར་མཛུབ་སྟོན་གལ་ཆེན་གནང་གི་ཡོད། 2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་ཆེ་ཤོས་ཤིག་ཡིན་པའི་ཧའེ་ནན་ལ་མ་འོངས་པའི་ལེགས་ཆ་མང་བ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བས། རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་བསྐྲུན་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དགོས”ཞེས་གསུངས་པ་རེད། 2018ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧའེ་ནན་གྱི་གླིང་ཕྲན་ཧྲིལ་པོར་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བསྐྲུན་པར་རྒྱབ་སྐྱོར་དང་ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པར་རིམ་གྱིས་འཚོལ་ཞིབ་དང་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། འདི་ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཚོང་དོན་གྲུ་ཁ་སྐྲུན་མགྱོགས་སུ་བཏང་ནས་ཧའེ་ནན་དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དཔེ་སྟོན་ཞིག་ཏུ་འགྱུར་བ་བྱེད་དགོས”ཞེས་གསུངས་པ་རེད།

    ད་ཆ་ཧའེ་ནན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་བསྐྲུན་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་སྟེ། རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་མཁན་ཐོངས་མཆན་འགོད་མི་དགོས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་། གླིང་ཕྲན་ནས་བྲལ་སྐབས་དཔྱ་ཁྲལ་རྩ་ཆག་བཏང་བའི་དངོས་པོ་འཚོང་ཚད་མང་དུ་ཕྱིན་པ། ལོ་རེར་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲངས་འབོར་བརྟན་པོའི་ངང་འཕར་བ་བཅས་རེད།

    ཧའེ་ནན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་བསྐྲུན་པའི་གོམ་སྟབས་བརྟན་པོ་ཡོད་པ་སྟེ། ཕྱི་རྒྱལ་མ་རྩ་ཁྲོམ་རར་འཇུག་འཐུས་ཀྱི་ཆ་རྐྱེན་ལྷུག་ཏུ་བཏང་བར་བརྟེན་འཛམ་གླིང་རབ་གྲས་500པའི་ཁེ་ལས་བཅུ་གྲངས་ཁ་ཤས་ཧའེ་ནན་དུ་གཞིས་ཆགས་རྒྱུར་ཡིད་དབང་བཀུག་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ལ་སྲུང་བརྩི་ཞུས་ནས། ཧའེ་ནན་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་བ་དང་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱིས་གཙོ་བོར་བྱས་པའི་སྲིད་ཇུས་ཡིག་ཆ་150ལྷག་ཙམ་སྔ་རྗེས་སུ་དོན་འཁྱོལ་བྱས་པར་བརྟེན་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་རགས་ཙམ་ཆགས་པ་མ་ཟད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། “སྒོ་ཁྲལ་མི་བསྡུ་བའི”སྲིད་ཇུས་ལག་བསྟར་བྱས་ཏེ་མིག་སྔར་རིམ་རྩིས་བྱས་ན་ཁེ་ལས་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་18.3ཆག་ཡང་བཏང་བ་དང་། ལས་སྣོན་གྱི་འཕར་ཐང་དངོས་ཟོག་ནང་འཚོང་གི་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ལག་བསྟར་བྱས་ཏེ། མིག་སྔར་རིམ་རྩིས་བྱས་ན་དཔྱ་ཁྲལ་སྒོར་དུང་ཕྱུར་1.4ཆག་ཡང་དང་རྩ་ཆག་བཏང་བ།2021ལོའི་ལོ་མཇུག་བར་ཁྱོན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་126གི་མ་འཇོག་མཁན་གྱིས་ཧའེ་ནན་དུ་མ་དངུལ་བཏང་བ་བཅས་རེད།

    ཧའེ་ནན་གྱི་དཔལ་འབྱོར་ཐད་གསོན་ཤུགས་གསར་པ་མངོན་པ་སྟེ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ནས་2021ལོར་གླིང་བྲལ་དཔྱ་ཁྲལ་རྩ་ཆག་ཚོང་ཁང་གི་བྲིན་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་600ལས་བརྒལ་བ་དང་། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་2021ལོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་དུས་མཚུངས་ལས་92.6%འཕར་བ། རྒྱལ་སྤྱིའི་ཁྲོམ་ར་མུ་མཐུད་རྒྱ་ཆེར་ཕྱིན་ནས་འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་བསྡོམས་འབོར་100%ལས་བརྒལ་བ་བཅས་རེད།

    “འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཞིག་རེད”

    འདི་ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས“ཧའེ་ནན་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཞིག་རེད”“ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།ཉེ་བའི་ལོ་ཤས་རིང་། ཧའེ་ནན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་གཞི་བཀོད་ནས“ནན་ཧྥན་སྭེལ་རོང”གི་འཛུགས་སྐྲུན་མགྱོགས་སུ་བཏང་བ་སྟེ། སན་ཡ་དང་། ལིང་ཧྲུའེ། ལེ་ཏུང་སོགས་གྲོང་ཁྱེར་དང་རྫོང་གསུམ་དུ་ཚན་ཞིབ་སོན་གསོའི་སྲུང་སྐྱོང་ཁུལ་མུའུ་ཁྲི་26.8དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། ལེ་ལག་ཚང་བའི་ཞབས་ཞུའི་ཁུལ་འཛུགས་སྐྲུན་ས་ཆ་མུའུ་783ཆེད་མངགས་དབྱེ་འབྱེད་གཏན་འཁེལ་བྱས་པ་རེད། 2019ལོར་སན་ཡ་ཡ་ཀྲོའུ་མཚོ་ཁུག་ཚན་རྩལ་གྲོང་སྐྲུན་འགོ་ཚུགས་པ་དང་མིག་སྔར་སྤྱི་པའི་རང་བཞིན་དང་སྒོ་དབྱེའི་རང་བཞིན་གྱི་ཚན་ཞིབ་ལས་སྟེགས་གལ་ཆེན་12བསྐྲུན་ཡོད། 2021ལོར་ཧའེ་ནན་ཞིང་ཆེན་ཡ་ཀྲོའུ་མཚོ་ཁུག་ས་བོན་ཚོད་ལྟ་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དང་། ཡོན་ཧྲི་ཚོགས་པ་ནང་འདྲེན་བྱས་ནས་གསར་གཏོད་ཚོགས་པ་46བཙུགས་ཡོད།

    2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཡ་གྲོང་ཁྱེར་དུ་བཙུགས་པའི་ཀྲུང་གོ་ཚན་རིག་ཁང་མཚོ་གཏིང་ཚན་རིག་དང་འདུ་འགོད་ཞིབ་འཇུག་སུའོ་རུ་རྟོག་ཞིབ་གནང་སྐབས། “མཚོ་གཏིང་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས”ཞེས་གསུངས་པ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་གཏིང་སུའོ་ཡི་འདུ་འགོད་ཚོད་ལྟ་ཁང་གི་མཐོ་རིམ་ལག་རྩལ་བ་ཀྲོའུ་ཧའོ་ཡིས། “ལོ་4ལྷག་ཙམ་རིང་ང་ཚོས་རྒྱ་མཚོའི་ཚན་རྩལ་འགག་སྒྲོལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་། ཚོད་ལྟ་ཁང་གིས་མཚོ་གཏིང་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོར་གཞིགས་ནས་ཚན་ཞིབ་སྒྲིག་ཆས་བརྒྱ་ཕྲག་ཁ་ཤས་སྒྱུར་བཀོད་དང་རིམ་པ་སྤར་ཡོད”ཅེས་བརྗོད།

    ཧའེ་ནན་ཝུན་ཁྲང་དུ་ཡོད་པའི་ཀྲུང་གོ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནི་ཀྲུང་གོའི་མཚོ་འགྲམ་གྱི་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དང་པོ་དེ་རེད་ལ། འཛམ་གླིང་གི་འཕྲེད་ཚད་དམའ་བའི་འཕེན་གཏོང་བྱ་ཡུལ་ཉུང་ཤས་ཀྱི་གྲས་ཤིག་ཀྱང་རེད། 2016ལོ་ནས་བཟུང་མཁའ་གྲུ་དང་པོ་དང་། མཁའ་འདྲི་དང་པོ། ཟླ་བའི་ལྷ་མོ་ལྔ་པ། ཐན་ཧོ་ལྟེ་བའི་གྲུ་ཚང་། མཁའ་གྲུ་གཉིས་པ། མཁའ་གྲུ་གསུམ་པ། མཁའ་གྲུ་བཞི་པ་སོགས་རྒྱལ་ཁབ་ཀྱི་མཆོག་ནོར་རེ་རེ་བཞིན་འདི་ནས་མཁའ་དབྱིངས་སུ་འཕངས་ཡོད། མིག་སྔར་ཧའེ་ནན་གྱིས་མེ་ཤུགས་འཕུར་མདའི་འཁོར་འབྲེལ་དང་། སྲུང་སྐར་འཁོར་འབྲེལ། གྲངས་གཞིའི་འཁོར་འབྲེལ་བཅས་འཕེལ་རྒྱས་གཏོང་བར་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་མགྱོགས་མྱུར་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལ་གཞིགས་ནས་ཧའེ་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། 2021ལོར་མཐོ་གསར་ལག་རྩལ་ཐོན་ལས་ཚུད་པའི་གཙོ་ཁྲིད་ཐོན་ལས་ཆེ་གྲས་བཞིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བརྒྱད་ཙམ་ཟིན་ཡོད། 2020ལོ་ནས་ད་བར་མ་དངུལ་སྒོར་དུང་ཕྱུར་200བཏང་ནས་ནན་ཧྥན་དང་། མཚོ་གཏིང་། འཇིག་རྟེན་འཕུར་སྐྱོད་བཅས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཆེན་པོ་གསུམ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

    “སྐྱེ་ཁམས་སྲུང་སྐྱོང་དང་། སྔོ་ལྗང་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བར་བྱེད་དགོས”

    ཧའེ་ནན་དུ་རྟོག་ཞིབ་གནང་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས“རི་སྔོན་ཆུ་དྭངས་དང་སྔོ་ཞིང་དྭངས་བའི་རྒྱ་མཚོ་དང་ནམ་མཁའ་ནི་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་སྐྲུན་པའི་མ་རྩ་ཆེ་ཤོས་དེ་རེད”“ཧའེ་ནན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་བསྐྲུན་པ་དང་ཧའེ་ནན་གྱི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་སྐྲུན་པ་ནི་འགངས་ཆེའི་ནང་གི་གལ་ཆེན་རེད། ཧའེ་ནན་གྱི་ལས་དོན‘རྒྱལ་ཁབ་ཀྱི་དོན་ཆེན’དུ་བརྩི་དགོས”ཞེས་གསུངས་པ་རེད།

    རི་སྔོན་ཆུ་དྭངས་དང་སྔོ་ཞིང་དྭངས་བའི་རྒྱ་མཚོ་དང་ནམ་མཁའ། 2021ལོར་ཧའེ་ནན་གྱི་གཙོ་གནད་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལེགས་ཚད་100%ཟིན་པ་དང་མཚོ་འགྲམ་མཚོ་ཁོངས་ཀྱི་ཆུའི་སྦགས་བཙོག་གི་གནས་ཚུལ་རྦད་དེ་མེད་པར་བཟོས་ཡོད། 2020ལོ་དང་2021ལོར་ཧའེ་ནན་གྱི་PM2.5ཡི་གར་ཚད་ལོ་རྒྱུས་ཀྱི་དམའ་ཤོས་སུ་རྒྱུན་འཁྱོངས་ཐུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་ལོའི་ཟླ་4པར་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས། “ཆར་ཆུ་མང་བའི་ཚ་ཁུལ་གྱི་ནགས་ཚལ་སྲུང་སྐྱོང་ནན་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། སྔོ་ལྗང་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བར་བྱེད་དགོས”ཞེས་གསུངས་པ་རེད།

    2013ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཡ་ཡ་ལུང་མཚོ་ཁུག་ཉེ་འགྲམ་གྱི་པོ་ཧོ་གྲོང་ཚོར“འབྱོར་འབྲིང་ཡིན་མིན་་འགག་རྩ་མི་སེར་ཚོར་ལྟ་དགོས”ཞེས་གསུངས་པ་རེད། མིག་སྔར་ཧའེ་ནན་གྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་1674བསྐྲུན་པ་ལས། པོ་ཧོ་གྲོང་ཚོ་ནི་དེའི་གྲས་ཤིག་རེད། ལོ་9ཡི་རིང་སྔོན་མའི་བ་ཚྭའི་ས་གཞི་ད་ཆ་ཕྱུག་འགྱུར་གྱི་ས་རྒྱུ་གཤིན་པོར་འགྱུར་པ་དང་དེ་གར་བཞད་པའི་རྒྱ་སེ་མེ་ཏོག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་མང་པོ་བསྐྲུན་ཏེ་ཡུལ་མིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་བཞིན་ཡོད།

    མིག་སྔར་ཧའེ་ནན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་སྐྲུན་པའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭར་བརྩིས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་གནས་བབ་གལ་ཆེན་དུ་བཞག་སྟེ། གྲོང་གསེབ་དར་རྒྱས་ཀྱི་ཧའེ་ནན་ཞིག་ཧུར་ཐག་སྐྲུན་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཧའེ་ཁོའུ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།