དབུ་ཤོག>ཆེད་སྒྲིག
  • བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2022-06-20

    2573766_huangzy_1655654400000_s.jpg

    འདི་ནི་ཁྲེང་ཏུའུ་དང་། ཙེ་དབྱང་། ཁྲུང་ཆིང་བཅས་དབར་གྱི་མྱུར་བགྲོད་གཞུང་ལམ་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་སི་ཁྲོན་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས་སི་ཁྲོན་གྱི་འཕེལ་རྒྱས་ཆེད་ཁ་ཕྱོགས་གཏན་འཁེལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། སི་ཁྲོན་གྱིས“ཕར་ཆིན་རྒྱག་པའི”སྙིང་སྟོབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “གྲོང་གཉིས་ཀྱི་གཏམ་རྒྱུད”དང་དཔལ་འབྱོར་ཁུལ་མཉམ་སྐྲུན། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

    “མི་སེར་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”

    འདི་ལོའི་ཟླ་6ཚེས་1ཉིན་སི་ཁྲོན་གཡག་རྔའི་ལུའུ་ཧྲན་དུ་ས་ཡོམ་རིམ་པ་6.1བརྒྱབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་བླང་བྱ་བཏོན་གནང་བ་རེད། ཟླ་6པར་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨས་མ་སྐྱོབ་བཅོས་དང་གེགས་ཁུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁྲལ་ཆེན་པོ་གནང་བ་མ་ཟད། ཡོམ་འགོག་གེགས་སེལ་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། “སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཡག་པོ་བཟོ་བ་དང་ལག་བསྟར་དམ་འཛིན་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་སླར་གསོ་ཡོང་བར་རོགས་རམ་བྱེད་དགོས”ཞེས་མངགས་བཅོལ་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་སི་ཁྲོན་གྱི་གེགས་རྗེས་བསྐྱར་སྐྲུན་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད་པ་སྟེ། བསྐྲུན་ཟིན་པའི་ཏུའུ་དབུན་མྱུར་བགྲོད་གཞུང་ལམ་དེ་རི་ཀླུང་ཁྲོད་འབྲུག་གཟུགས་ལྟར་ཡོད་པ་དང་། དེ་སྔ་ས་ཡོམ་ཁྲོད་གོད་ཆག་བྱུང་བའི་དབྱིང་ཤིའུ་གྲོང་རྡལ་ད་ཆ་འཆམ་མཐུན་ཞི་འཇམ་དུ་གནས་ཡོད་ལ། བཟོ་ལས་གྲོང་རྡལ་ཆུང་ངུ་ཞིག་ནས་གྲུབ་འབྲས་ཐོབ་པའི་ངང་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར་ཡོད། འདི་ལོ་གཡག་རྔའི་ལུའུ་ཧྲན་དུ་ས་ཡོམ་བརྒྱབ་རྗེས། དེ་སྔ་བརྒྱབ་པའི་གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་གཅིག་ཀྱང་ལོག་མེད་པ་དང་འཕྲལ་སྡོམ་དང་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མང་ཚོགས་ཐུགས་སུ་བཅངས་ཤིང་། 2017ལོའི་ཟླ་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་དབུལ་སྒྲོལ་འགག་སྒྲོལ་སྐོར་གླེང་སྐབས“སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། ཇི་ལྟར་རོགས་སྐྱོར་བྱེད་པ། ཇི་ལྟར་ཕྱིར་འཐེན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་གནད་སྨིན་ཡོང་བ་བྱེད་དགོས་པ་དང་། ལ་ལར‘ཕར་ཆིན་རྒྱག་པའི’སྙིང་སྟོབས་ཐོག་ནས་འབད་བརྩོན་བྱེད་དགོས”ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སི་ཁྲོན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཚད་གཞིར་དམིགས་ཏེ། དབུལ་པོའི་རིགས་དང་། དབུལ་པོའི་མི་འབོར། དབུལ་པོའི་གནས་ཚུལ། དབུལ་པོ་ཆགས་རྐྱེན་བཅས་མཐིལ་རྟོགས་བྱས་ནས་ནད་བསྟུན་སྨན་བཅོས་དང་འབེན་གཏད་གསོ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཞན་ཆ་སེལ་བ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། ཤིན་ཏུ་དབུལ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་མང་ཚོགས་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱས་ཡོད།

    སི་ཁྲོན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་625ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་88ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་11501ཚང་མ་དབུལ་སྒྲོལ་ཐུབ་པ་བཅས་བྱུང་ཡོད།

    སི་ཁྲོན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་དེང་རབས་ཞིང་ལས་ཀྱི་ཐབས་མང་མཉམ་སྤྱོད་ཆ་ཚང་ཞིག་བཏོད་པ་སྟེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་དང་ཕག་པ་གསོ་ཚགས་བརྟན་པོ་ཡོང་བ། “10+3”དེང་རབས་ཞིང་ལས་ཐོན་ལས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་སྟོབས་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་འབྲུ་རིགས་ཐོན་འཕར་དང་འབབ་འཕར་ཡོང་བ་བཅས་བྱས་ཡོད། ལོ་20སོང་རྗེས་སི་ཁྲོན་གྱི་འབྲུ་རིགས་ཐོན་འབོར་སླར་ཡང་རྒྱ་མ་དུང་ཕྱུར་700ལས་བརྒལ་ནས་ཞིང་ལས་ཞིང་ཆེན་ཆེན་པོའི་གསེར་བྱང་གི་བཀྲག་མདངས་དེ་བས་འཚེར་ཡོད།

    “མཐའ་འཁོར་གྱི་གྲོང་ཁྱེར་དང་རྫོང་མཉམ་དུ་གཞི་གཅིག་ཅན་འཕེལ་རྒྱས་གྲོང་ཁྱེར་ཚོམ་བུ་ཞིག་ཆགས་པར་བྱེད་དགོས”

    2018ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། སྒྱུར་བཅོས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ། ས་ཁོངས་ཀྱི་བཀོད་པ་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་མཉམ་འདྲེས། སྐྱེ་ཁམས་ཁོར་ཡུག་མཛེས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།

    2020ལོའི་ཟླ་10ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས《ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་འཆར་འགོད་རྩ་གནད》ལ་གྲོས་ཞིབ་གནང་ཞིང་། ཚོགས་འདུའི་ཐོག་ཁྲུང་ཆིང་གི་གྲོང་ཁྱེར་གཙོ་བོ་དང་ཁྲེང་ཏུའི་འཕེལ་རྒྱས་ནུས་པའི་རིམ་པ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱིར་སྣུར་སྲིང་རྒྱ་སྐྱེད་གཏོང་བ་ནས་ནང་གནས་ཀྱི་གོ་དོན་མཐོར་གཏོང་རིམ་སྤོར་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱེད་པ། དོ་སྙོམས་འཕེལ་རྒྱས་ཡོང་བ་བཅས་བྱས་ནས་མཐའ་འཁོར་གྲོང་ཁྱེར་དང་རྫོང་དང་མཉམ་དུ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཚོམ་བུ་ཞིག་གྲུབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གཞིར་བཟུང་། སི་ཁྲོན་གྱིས་ཁུལ་ཁོངས་བཀོད་པ་མཐུན་སྦྱོར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཁྲེང་ཏུའུ་དང་། ཏེ་དབྱང་། མེ་ཧྲན། ཙི་དབྱང་བཅས་གྲོང་ཁྱེར་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དེ་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་སྐྲུན་པར་སྐུལ་འདེད་གཏོང་བའི་སྔོན་འགྲོ་དང་འདེགས་སྐྱོར་རང་བཞིན་གྱི་འདུ་འགོད་ལ་བརྩིས་ཡོད། མིག་སྔའི་བར་ཁྲེང་ཏུའི་གྲོང་ཁྱེར་ཚོམ་བུའི་ནང་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་གཏོང་ཚད་ཆ་131ཟིན་ནས་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན་ཆུ་ཚོད་ཕྱེད་ཀ་འགོར་བ་དང་མྱུར་བགྲོད་གཞུང་ལམ་ལ་ཆུ་ཚོད་གཅིག་ལས་མི་འགོར་བ་དང་སྲིད་དོན་ཞབས་ཞུའི་རྣམ་གྲངས་430གྲོང་ཁྱེར་གཅིག་ཅན་གྱིས་དབྱེ་བ་མེད་པར་བསྒྲུབས་པ་དེས་ཁྲེང་ཏུའུ་དང་། ཏེ་དབྱང་། མེ་ཧྲན། ཙེ་དབྱང་བཅས་གྲོང་ཁྱེར་བཞི་ནས“ཚོམ་བུ”གཅིག་ཏུ་གྱུར་ཡོད་པ་རེད།

    གྲོང་ཁྱེར་བཞིའི་ཐོན་ལས་མཉམ་ལས་ཐད་གསོན་ཤུགས་ཀྱིས་ཁེངས་པ་སྟེ། གློག་རྡུལ་ཆ་འཕྲིན་སོགས་ཐོན་ལས་ཀྱི་སྐྱེ་ཁམས་ཁུལ་15ཡི་མནའ་འབྲེལ་བཙུགས་ནས་གཞི་ཁྱོན་ཡན་གྱི་ཁེ་ལས་3000ལྷག་ཙམ་ལ་དགོས་མཁོའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་དང་། སན་ཤིང་ཏུའེ་དང་ཏུང་ཕོ་རིག་གནས་སོགས་རྩེར་སོན་ཡུལ་སྐོར་ལམ་ཐིག་11མཉམ་དུ་བཏོད་པ། ཁྲེང་ཏུའུ་དང་ཏེ་དབྱང་འབྲེལ་མཚམས་ཀྱི་ཧྥེང་ཧྲེ་ཁྲོན་ཤུང་ཐོན་ལས་གླིང་འཚོལ་ཞིབ་བྱས་ནས་བཏོད་དེ་ཁྲོན་ཤུང་གི་ཀྲུང་ལུགས་སྨན་རྒྱུས་རྒྱལ་ཡོངས་ཀྱི་ཁྲོམ་ར་བཟུང་ཚད་75%ལྷག་ཙམ་ཟིན་ཡོད།

    “དྭངས་གཙང་གི་གཙང་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས”

    2020ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“འབྱུང་རྩ་ནས་བརྒྱུད་རིམ་ལྡན་པའི་ངང་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་བྱེད་དགོས”ཞེས་གསུངས་པ་རེད།

    འདི་ལོའི་ཟླ་6པར་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་ནས་དྭངས་གཙང་གཙང་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྤྱི་ལེ་ངོས་གྲུ་ཁྲི་14.8གཏན་འཁེལ་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་གྱི་30.4%བཟུང་བ་དང་། སི་ཁྲོན་ཡོངས་སུ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ནགས་ཚལ་ཁྱབ་ཚད་40.23%ཟིན་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་མུ་མཐུད་བརྟན་དུ་བཏང་ཡོད།

    2018ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐན་ཕུའུ་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། སྤྱི་གླིང་གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པ་བྱས་ནས་སྐྱེ་ཁམས་ཀྱི་རིན་ཐང་ལ་བསམ་བློ་གཏོང་བ་དང་འཕར་སྣེ་གསར་པ་ཧུར་ཐག་གཏོད་དེ་སྐམ་སའི་སྒོ་དབྱེའི་དཔལ་འབྱོར་གྱི་མཐོ་ས་སྐྲུན་དགོས་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཁྲེང་ཏུའུ་ཡིས་གྲོང་ཁྱེར་གཉེར་སྐྱོང་གི་གཏན་ཚིགས་དེ་སྲོལ་རྒྱུན་གྱི“ཐོན་ལས་དང་། གྲོང་ཁྱེར། མི”བཅས་ནས“མི་དང་། གྲོང་ཁྱེར། ཐོན་ལས”བཅས་ཀྱི་གྲོང་ཁྱེར་གསར་པའི་འཕེལ་རྒྱས་གཏོང་སྟངས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བར་མཐོངས་བཀོད་པ་ལེགས་སྒྲིག་དང་ལེགས་སུ་གཏོང་བ། སྔོ་ལྗང་སྤྱི་གླིང་མ་ལག་སྐྲུན་པ། སྡོད་མལ་དང་ལས་གནས་ལ་འཚམ་པའི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་པ་བཅས་བྱས་ནས་སྤྱི་གླིང་གྲོང་ཁྱེར་ནང་མི་རྣམས་ཕྱོགས་ཡོངས་འཕེལ་རྒྱས་དང་རིན་ཐང་མངོན་པར་བྱས་ཡོད།

    ད་ཆ་ཐན་ཕུའུ་ཁུལ་གསར་གྱི་ཤིང་ལུང་མཚེའུ་དེ་ཁྲེང་ཏུའུ་ཡི“སྔོ་ལྗང་ཁུལ”གཙོ་བོར་གྱུར་པ་དང་མཚེའུ་ཡི་ནུབ་རྒྱུད་དུ་ཡོད་པའི(ཁྲེང་ཏུའུ)ཚན་རིག་གྲོང་དུ་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཁག་གཅིག་གཅིག་སྡུད་བྱས་ཡོད་པ་དང་ཐན་ཕུའུ་ཁུལ་གསར་ཧྲིལ་པོར་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་4511དང་དཔལ་འབྱོར་ཁེ་ལས་གསར་པ་ཁྲི་17.3ཙམ་ཡོད་པས། རི་ཀླུང་མཛེས་ལ་ཞི་མཐུན་མཉམ་གནས་ཀྱི་གྲོང་ཁྱེར་གསར་པ་ཞིག་སི་ཁྲོན་གྱི་ས་གཞི་ཆེན་པོར་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་18ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།