དུས་སྐབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཐོན་སྐྱེད་རྗེས་ལུས་དབར་གྱི་འགལ་བ་ཡིན་པར་གོ་བ་ཇི་ལྟར་ལེན་དགོས་སམ།
ལན། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་རིག་པ་དྭངས་གསལ་ངང་ཁོང་དུ་ཆུད་དགོས་པ་ནི། ཏང་གིས་བཟོས་པའི་ཡང་དག་པའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཀྱི་སྔོན་འགྲོ་གལ་ཆེན་རེད། 《གྲོས་ཆོད》དུ་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པར“ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཐོན་སྐྱེད་རྗེས་ལུས་དབར་གྱི་འགལ་བ་ཡིན་པ་གསལ་པོར་བཏོན་ཡོད” དུས་སྐབས་གསར་པར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་བྱེད་པར་གཤམ་གསལ་ཕྱོགས་གསུམ་གྱི་ཐད་ནས་གོ་བ་གཏིང་ཟབ་ལེན་དགོས་པ་སྟེ།
དང་པོ། ཏང་གིས་དུས་སྐབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གསལ་པོ་བཟོས་པ་དེ་ནི། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ལ་ཕྱོགས་སྡོམ་ཟབ་མོ་བྱས་པ་ཞིག་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། རང་རེའི་ཏང་གིས་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་སྤྱི་ཡོངས་ལ་དབྱེ་ཞིབ་ཡང་དག་བྱས་པ་དང་ཀྲུང་གོའི་མི་དམངས་དང་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ཉམས་མ་རྩ་རིང་ལུགས་བཅས་དབར་གྱི་འགལ་བ་དང་དེའི་དུས་སྐབས་མི་འདྲ་བའི་མཚོན་ཚུལ་ཞིབ་ཕྲ་ཁོང་དུ་བརྟན་པོར་ཆུད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་སྤྱིའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་པར། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཟོས་རྗེས། ཏང་གི་ཚོགས་ཆེན་བརྒྱད་པར་རྒྱལ་ནང་གི་འགལ་ཟླ་གཙོ་བོ་མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་བཅངས་པའི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་བ་ཡིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་ཡིན་པ། རྒྱལ་ཁབ་བཟོ་ལས་ཅན་མངོན་འགྱུར་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རིམ་བཞིན་སྐོང་དགོས་པ་ཁ་གསལ་བཏོན་ཡོད། འོན་ཀྱང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ཉམས་མྱོང་ཆེན་པོ་མེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ལ་ངོས་འཛིན་མི་འདང་བར་བརྟེན། ཏང་གི་ཚོགས་ཆེན་བརྒྱད་པའི་ཡང་དག་པའི་ཆོད་གཏམ་མཐའ་འཁྱོངས་ཐུབ་མེད་པ་དང་། ཏང་གིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་སྐྱོང་གི་ལམ་བུ་འཚོལ་ཞིབ་བྱེད་རིང་བར་ཆད་མང་པོ་དང་ཕྲད་པས། “རིག་གནས་གསར་བརྗེ་ཆེན་པོའི་”ལོ་བཅུའི་ནང་འཁྲུག་ཡང་ཐོན་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གེགས་བར་དང་གྱོང་གུན་ཚབས་ཆེན་བཟོས་པ་དང་། སྣ་བསུན་ཆེན་པོ་ཕོག་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་གཏོང་ཐུབ་མིན་དེ་རང་རེའི་ཏང་གིས་སྤྱི་ཚོགས་ལོ་རྒྱུས་ཀྱི་ཆ་རྐྱེན་གྱི་འགྱུར་ལྡོག་ལ་བསྟུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོར་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་ཐུབ་མིན་དང་། དེའི་རྨང་གཞིའི་ཐོག་ཡང་དག་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་འཐབ་ཇུས་ཀྱི་ཇུས་གཞི་བཟོ་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད་པ་ལག་ལེན་ནས་ར་སྤྲོད་བྱུང་ཡོད།
གཉིས་པ། དུས་སྐབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་སྐོར་གྱི་ཆོད་གཏམ་ནི་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་རེད། སྤྱི་ཚོགས་ཐོན་སྐྱེད་ཀྱི་ཕྱོགས་ནས་བལྟས་ན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རྒྱལ་དུ་ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་གཞི་རྩའི་ཆར་མངོན་འགྱུར་བྱུང་བ་དང་། རང་ཚུགས་ཀྱི་ཅུང་ཆ་ཚང་བའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་པ། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་མངོན་གསལ་བྱུང་བ། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནི་དབུལ་ཕོངས་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཅིག་ནས་འགོ་བརྩམས་པ་ཡིན་པས། མི་འབོར་མང་ཞིང་རྨང་གཞི་ཞན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཚན་རིག་ལག་རྩལ་གྱི་ཆུ་ཚད། རྒྱལ་དམངས་སློབ་གསོའི་ཆུ་ཚད། རིག་གནས་ཀྱི་བྱང་ཚད་བཅས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ད་དུང་ཧེ་བག་ཆེ་ཙམ་ཡོད་པ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོའི་ཕྱོགས་ནས་བལྟས་ན། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་སྐབས་དེ་དུས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྤྱིའི་ཆ་ནས་སྔར་བཞིན་མཐོ་པོ་མེད་པ། 1978ལོར་ད་དུང་མི་འབོར་དུང་ཕྱུར་2.5ཙམ་གྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པས། མི་དམངས་མང་ཚོགས་ཚོས་འཚོ་བ་སྐྱིད་པོ་སྐྱེལ་བ་དང་ཕྱུག་པོ་ཆགས་པར་རེ་སྒུག་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཏག་ཏག་སྐབས་དེའི་རང་རྒྱལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་གནས་ཚུལ་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་རང་རེའི་ཏང་གིས་དུས་སྐབས་གསར་པའི“རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྗེས་ལུས་ཐེབས་པའི་དབར་གྱི་འགལ་ཟླ་རེད”ཅེས་གསལ་པོར་བསྟན་པ་དེ་ནི་སྐབས་དེའི་རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་། ཚན་རིག་དང་མཐུན་པའི་སྡོམ་ཚིག་ཅིག་རེད། 1982ལོར། དུས་སྐབས་གསར་པའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་ནང་དོན་སྐོར་ཏང་གི་ཚོགས་ཆེན་བཅུ་གཉིས་པར་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་རེད།
གསུམ་པ། དུས་སྐབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ཁ་གསལ་བཏོན་པ་དེས་ཏང་དང་རྒྱལ་ཁབ་སྤྱི་ཡོངས་ཀྱི་ལས་དོན་ལ་ཁྲིད་སྟོན་ནུས་ལྡན་བྱུང་ཡོད། དུས་སྐབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གསལ་པོར་བཏོན་པ་དེས། དུས་སྐབས་དེའི་རིང་གི་ཏང་གི་ལས་འགན་གཙོ་བོ་ཡང་གསལ་པོར་བསྟན་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས“ང་ཚོའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧ་ཅང་དམའ་པོ་ཡིན་པས། མི་དམངས་དང་རྒྱལ་ཁབ་ཀྱི་དགོས་མཁོ་སྐོང་ཐབས་བྲལ་བས། འདི་ནི་ང་ཚོའི་མིག་སྔའི་དུས་སྐབས་ཀྱི་འགལ་ཟླ་གཙོ་བོ་རེད། འགལ་ཟླ་གཙོ་བོ་འདི་ཐག་གཅོད་བྱེད་པ་ནི་ང་ཚོའི་ལྟེ་བའི་ལས་འགན་རེད”ཅེས་བསྟན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་ཡང་དག་དང་སྟངས་འཛིན་བྱས་པའི་རྨང་གཞིའི་ཐོག རང་རེའི་ཏང་གིས་དུས་དཔག་རྟོགས་དཔྱོད་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གྲུབ་པ། དུས་སྐབས་གསར་པར་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་དང་སྲིད་ཇུས་ཆ་ཚང་ཞིག་རིམ་བཞིན་བཏོན་པ་དང་གྲུབ་པ་ལས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་གསར་གཏོད་དང་། མཐའ་འཁྱོངས། སྲུང་སྐྱོབ། འཕེལ་རྒྱས་བཅས་བཏང་ཡོད།
སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་བརྡར་ཤ་གནད་འཁེལ་བཅད་པ་དེས། ཏང་གིས་ཇུས་ཐག་ཡང་དག་གཅོད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ལ་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཐེབས་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། རྒྱལ་སྲུང་གི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ནས། ཀྲུང་གོའི་མི་དམངས་ཕྱུག་པོ་ཆགས་པ་དང་སྟོབས་ཆེན་ཆགས་པའི་རྒྱང་ལམ་དུ་ཐག་གཅོད་རང་བཞིན་གྱི་གོམ་སྟབས་སྤོས་ཡོད།