དབུ་ཤོག>ཆེད་སྒྲིག
  • འགོ་འཛུགས་ས་དེ་བས་མཐོ་པོས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2022-06-16

    da6b2e2d-5448-4f27-a10c-012271dfd731.jpg.jpg

    འདི་ནི་ཧྲེན་ཀྲེན་ཆན་ཧའེ་རྒྱ་མཚོའི་གྲུ་ཁའི་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཁུལ་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས་ཀོང་ཏུང་གིས་བསམ་བློར་བཅིངས་འགྲོལ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་གནང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་རྒྱུར་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཀོང་ཏུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། དཔའ་ངར་ཆེན་པོས་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་བློ་སྟོབས་དེ་བས་ཆེ་བ་དང་འགོ་འཛུགས་ས་དེ་བས་མཐོ་བའི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ཡོད།

    “སྒྱུར་བཅོས་བྱེད་མཚམས་འཇོག་མི་རུང་ལ། སྒོ་དབྱེ་བར་མཚམས་འཇོག་མི་རུང”

    2012ལོའི་ཟླ་12པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་ཐོག་མ་གནང་སྟེ་ཀོང་ཏུང་དུ་རྟོག་ཞིབ་གནང་ནས“སྒྱུར་བཅོས་སྒོ་དབྱེ་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས”པའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ་རེད།

    2018ལོའི་ཟླ་10པར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཀོང་ཏུང་གི་ས་གཞི་ཆེ་མོར་ཕེབས་ནས་ཀོང་ཏུང་ལ“མུ་མཐུད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཛམ་གླིང་ཧང་སངས་དགོས་པའི་དེ་བས་ཆེ་བའི་ངོ་མཚར་གསར་པ་ཧུར་ཐག་གཏོད་དགོས”ཞེས་འབོད་སྐུལ་གནང་བ་རེད།

    2020ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཀོང་ཏུང་དུ་རྟོག་ཞིབ་གནང་ནས“སྒྱུར་བཅོས་བྱེད་མཚམས་འཇོག་མི་རུང་ལ་སྒོ་དབྱེ་བར་མཚམས་མི་འཇོག་པར་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས”ཞེས་སྒྱུར་བཅོས་སྒོ་དབྱེ་སླར་ཡང་ཟབ་ཏུ་གཏོང་དགོས་པའི་དུས་རབས་ཀྱི་འབོད་སྐུལ་གནང་བ་རེད།

    གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་། ཀོང་ཏུང་གིས་འཐབ་ཇུས་དེ་ཞིང་ཆེན་དེ་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི“རྩ་འཛིན”ཞིག་ཏུ་བརྩི་གི་ཡོད།

    《གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ཁྱབ་བསྒྲགས་བྱས་ནས་ལོ་3ལྷག་ཙམ་སོང་རིང་། ཁུག་ཆེན་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་2018ལོའི་སྒོར་དུང་ཕྱུར་ཁྲི་10ཙམ་ནས་2021ལོའི་སྒོར་དུང་ཕྱུར་ཁྲི་12.6བར་འཕར་ཡོད།

    2019ལོའི་ཟླ་བརྒྱད་པར《ཧྲེན་ཀྲེན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཁྱབ་བསྒྲགས་བྱས་ཤིང་། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་དང་དར་རྒྱས་བྱུང་བའི་ཧྲེན་ཀྲེན་ལ་དེ་བས་གལ་འགངས་ཆེ་བའི་འགན་འཁྲི་ཞིག་ཡོད་པ་དེ་ནི། རྒྱལ་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ཆེད་ལད་མོ་ཆོག་པ་དང་ཁྱབ་གདལ་རུང་བའི་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུ་དེ་རེད། ལོ་གཉིས་ལྷག་ཙམ་རིང་། ཀོང་ཏུང་ཞིང་ཆེན་དང་ཧྲེན་ཀྲེན་གྲོང་ཁྱེར་གྱིས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་བསམ་འཆར་ནང་བཏོན་པའི་གཙོ་གནད་ལས་འགན་56ཁྲོད་ནས་ཤེས་བྱའི་བདག་དབང་དངུལ་འཛིན་ཅན་འཚོལ་ཞིབ་སོགས་རྣམ་གྲངས་11ལེགས་གྲུབ་བྱས་པ་དང་། རྒྱ་མཚོའི་སློབ་ཆེན་གྲབས་འཛུགས་སོགས་རྣམ་གྲངས་45ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ཕྱོགས་ལྔའི་ཐད་ཀྱི་ཉམས་མྱོང་47རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ། སྔོན་ལ་མིག་དཔེ་འདོན་པའི་ནུས་པ་སྔར་བས་མངོན་གསལ་དོད་པ་བཅས་བྱུང་ཡོད།

    ཧྲེན་ཀྲེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁག་དང་པོའི་དབང་བསྐུར་དོན་ཚན་40ཚང་མ་དོན་འཁྱོལ་བྱས་པ་ནས་ཀོང་ཏུང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་ཁག་36རྒྱལ་ཡོངས་སུ་ཐོག་མར་བཏོད་པའི་བར་དང་། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལག་བསྟར་གོ་སྐབས་དམ་འཛིན་དང་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་འགོད་ཆེན་པོ་བཅུ་ལག་བསྟར་བྱེད་པ་ནས་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བར་སོགས་ཐད་ཀོང་ཏུང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཡངས་པའི་བར་མཐོངས་བཏོད་པ་མ་ཟད། སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད།

    “འགག་རྩ་དང་ལྟེ་བའི་ལག་རྩལ་རང་རྟེན་ཚོད་འཛིན་ཧུར་ཐག་ཐུབ་པ་བྱས་ནས་གསར་གཏོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་རེད། གལ་ཏེ་ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུར་མི་བསྐྱོད་པ་དང་སྒུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་མ་ཐུབ་ཚེ། དངོས་འབྲེལ་སྟོབས་ཆེན་དུ་འགྱུར་མི་ཐུབ་ཅེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་ལ“ལོ་དེ་དག་ནང་ཧྲེན་ཀྲེན་གྱི་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས”ཞེས་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།

    2021ལོར་ཧྲེན་ཀྲེན་གྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་3ལས་བརྒལ་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་ལྟེ་བའི་གྲོང་ཁྱེར་དུ་གྱུར་བཞིན་ཡོད་པ་རེད།

    2012ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེང་ཤུན་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། ཀུང་སིས་གསར་གཏོད་ཀྱི་ལེགས་ཆ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཐད་རེ་བ་བཏོན་གནང་བ་རེད། 2018ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀེ་ལི་གློག་ཆས་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས“འགག་རྩ་དང་ལྟེ་བའི་ལག་རྩལ་རང་རྟེན་ཚོད་འཛིན་ཧུར་ཐག་ཐུབ་པ་བྱས་ནས་གསར་གཏོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་གསུངས་པ་རེད།

    2012ལོར་ཐེང་ཤུན་གྱིས་གསར་སྤེལ་བྱས་པའི་སྐད་འཕྲིན་དང་Wechatདབར་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3ཙམ་ཟིན་པ་དང་། ད་ཆ་དེ་གཉིས་ཟླ་སྒྲིལ་བཏང་བའི་རྩིས་ཐོའི་དངུལ་འབོར་སྒོར་དུང་ཕྱུར་12.88ཟིན་ནས་འཛམ་གླིང་ཡོངས་ཀྱི་གཙོ་རྒྱུན་འཕྲིན་གཏོང་སྨྱན་སྦྱོར་གྱི་གྲས་སུ་གྱུར་ཡོད།

    ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ས་གནས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་འབད་བརྩོན་གྱི་ཁ་ཕྱོགས་སུ་འགྱུར་བཞིན་ཡོད། ཀེ་ལི་གློག་ཆས་ཀུང་སིས་རང་སྟོབས་རང་སྤེལ་དང་རང་རྟེན་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་མཐའ་འཁྱོངས་སྐྱོད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་དགོས་མཁོ་ལྟར་གཏོང་བ་ལས་ཚོད་འཛིན་མི་བྱེད་པ་དང་། རིག་ནུས་སྒྲིག་ཆས་དང་། འཕྲིན་གཏོང་སྒྲིག་ཆས། ལུགས་ཆས་སོགས་ཁྱབ་ཁོངས་སུ་མུ་མཐུད་ཤུགས་སྣོན་བརྒྱབ་པས། རླུང་སྙོམས་འཕྲུལ་ཆས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལྟེ་བའི་ཚན་རྩལ་ཁོང་དུ་ཆུད་པ་མ་ཟད། ད་དུང་འགག་རྩའི་ལྷུ་ལག་ཆེ་ཆུང་སྣ་ཚོགས་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད།

    གསར་གཏོད་ནི་ཁེ་ལས་ཆེན་པོ་ཁོ་ནར་དབང་བའི་ཁེ་བེད་བདག་ཐོབ་ཅིག་མིན། ཀོང་ཀྲོའུ་གསར་སྤེལ་ཁུལ་གྱི་ཚན་རྩལ་ཁེ་ལས་ཀྱི་མྱུར་ཆས་གླིང་གི་དཀྱིལ་དུ་བཞག་པའི་ཕ་བོང་ཞིག་ཏུ“ཁེ་ལས་འབྲིང་ཆུང་གིས་ཀྱང་དོན་ཆེན་སྒྲུབ་ཐུབ”ཅེས་བརྐོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རྒྱ་ཆེའི་ཁེ་ལས་འབྲིང་ཆུང་ལ་སྐུལ་ལྕག་བྱེད་བཞིན་ཡོད།

    གསར་གཏོད་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་པ་སྟེ། མཐོ་གསར་ལག་རྩལ་ཁེ་ལས་ཁྲི་6ཡན་ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་3800ལྷག་ཙམ་ཟིན་པ་དེས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནས་བཟུང་བའི་བསྡུར་ཚད་3.14%བར་འཕར་བ། ས་ཁོངས་གསར་གཏོད་ཀྱི་ཕྱོགས་བསྡུས་ནུས་པ་ལོ་5བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    “འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་གྱི་རང་བཞིན་ཆེ་རུ་གཏོང་དགོས”

    “གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་ཆེ་ཤོས་རེད” 2018ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“རྩོད་སྒྲུབ་ཀྱི་བསམ་བློ་མཐའ་འཁྱོངས་དང་འདུ་ཤེས་བསྒྱུར་ནས་ཞན་ཆ་ལེགས་ཆར་ཧུར་ཐག་སྒྱུར་དགོས”ཞེས་གསུངས་པ་མ་ཟད། “འཕེལ་རྒྱས་ཀྱི་དོ་སྙོམས་ཀྱི་རང་བཞིན་དང་མཐུན་སྦྱོར་གྱི་རང་བཞིན་ཆེ་རུ་གཏོང་དགོས”པའི་མངགས་བཅོལ་ཡང་གནང་བ་རེད།

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2018ལོ་ནས་བཟུང་ཀོང་ཏུང་གིས“ཀོང་ཏུང་ཚལ་གྱི་མ་བྱན”དང་། “ཀོང་ཏུང་གི་ལག་རྩལ་བཟོ་པ” “ཀོང་ཏུང་ལྷོའི་ཁྱིམ་ལས”བཅས་འདུ་འགོད་གསུམ་ལག་བསྟར་བྱས་པ་མ་ཟད། “བྱ་བ་ཆུང་ངུར”བརྟེན་ནས“འགྱུར་ལྡོག་ཆེན་པོར”སྐུལ་འདེད་གཏོང་བ་དང་། “དགོས་མཁོ་ཆེན་པོ”སྐོང་བ། “འཕེལ་རྒྱས་གསར་པར”སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་དབར་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དང་ཀོང་ཏུང་ཤར་ལྷོ་ནུབ་བྱང་དབར་གྱི་ཧེ་བག་ཆུང་དུ་བཏང་ཡོད། མིག་སྔའི་བར་འདུ་འགོད་གསུམ་གྱིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་768གསོ་སྦྱོང་བྱས་པས། དགའ་བསུ་རྒྱ་ཁྱབ་ཐོབ་པའི་དམངས་འཚོའི་སྤུས་རྟགས་སུ་གྱུར་ཡོད། མ་བྱན་དང་། ལག་རྩལ་བཟོ་པ། བུ་རྫི་བཅས་ཁྲི་སྟོང་མང་པོ་དབུལ་ཞྭ་ཕུད་ནས། ཁོ་ཚོའི་མི་ཚེ་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་ཕྱིན་ཡོད།

    ལོ་50ཙམ་སླེབས་པའི་ལུའུ་ཁོ་མིང་ནི“ཀོང་ཏུང་ཚལ་གྱི་མ་བྱན”འདུ་འགོད་ཀྱི་ཕན་པ་འཐོབ་མཁན་ཞིག་རེད། ལོ་4ཡི་གོང་ལས་ཀ་ཤོར་བའི་ཁོང་གསོ་སྦྱོང་ལ་ཞུགས་རྗེས་མ་བྱན་གྱི་ལས་རིགས་ཐོབ་ཐང་ལག་ཁྱེར་རག་ཅིང་། ད་ཆ་ལུའུ་ཁོ་མིང་གིས་མའོ་མིང་གྲོང་ཁྱེར་ཏུང་ཀྲེན་ཁྲོམ་གཞུང་དུ་བཙུགས་པའི“ཀའོ་ཁྲེང་གི་ཁྱིམ་ཚང”ཞེས་པའི་ཞིང་པའི་སྤྲོ་སྐྱིད་ཁང་དེ་ཉེ་རིང་གང་སར་སྐད་གྲགས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་མྱོང་བའི་ཆིང་ཡོན་གྲོང་ཁྱེར་ལན་ཀྲང་གྲོང་ཚོ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། འདམ་རྡོའི་ལམ་དག་ཨར་འདམ་ལམ་དུ་གྱུར་པ་དང་། 5Gདྲ་བ་གང་སར་ཁྱབ་པ། དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཤིང་འབྲས་དང་སྔོ་ཚལ་དྲོད་ཁང་ཆེན་པོར་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྒར་ཡོད་པ་རེད།

    ལན་ཀྲང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལུའུ་ཧྥེ་ཧུང་གིས། ང་ཚོས་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་འབྲེལ། “ཀུང་སི+མཉམ་ལས་ཁང+རྟེན་གཞི+དུད་ཚང་དབུལ་པོ”བཅས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་ནང་འདྲེན་བྱས་ནས། ཀོ་ཤ་དང་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། གྲོང་མིའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་གི་འདུག་ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།