ལྷོ་ཕྱོགས་གནམ་མཐར་གྲུ་བརྒྱ་འགྲན་བཞིན་བསྐྱོད།
འདི་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་ཡོད་པའི་ཤིན་ཧྥ་ཚོགས་པའི་རྒྱུ་ཆ་གསར་པའི་ཐོན་ལས་གླིང་ཡིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་ཐེངས་མང་གནང་ནས་ཧུའུ་པེའི་ལས་དོན་ཁག་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཧུའུ་པེའི་སྒྱུར་བཅོས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧུའུ་པེས་དཔལ་འབྱོར་དེ་བས་ལེགས་པ་དང་། གྲུབ་ཆ་དེ་བས་ལེགས་པ། སྤུས་ཚད་དེ་བས་མཐོ་བ། གཏིང་ཤུགས་དེ་བས་ཆེ་བ། དངོས་ཤུགས་དེ་བས་བརྟན་པོ་བཅས་ཀྱི་སྒོ་ནས་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་ཏེ་ཧུའུ་པེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས”
“ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས”“རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ཡོད་པས། སྔོན་མ་ལྟར་གཙོ་བོ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལག་ལེན་བསྟར་ཐབས་མེད་པས། ངེས་པར་དུ་གསར་གཏོད་ལ་བརྟེན་དགོས” 2013ལོའི་ཟླ་7པ་དང་2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“ཀྲུང་གོའི་འོད་གཞུང”ཞེས་འབོད་པའི་ཝུའུ་ཧན་ཏུང་ཧུའུ་མཐོ་གསར་ཁུལ་དུ་སྔ་རྗེས་སུ་རྟོག་ཞིབ་ཐེངས་གཉིས་གནང་བར་ཕེབས་ནས་ཚན་རྩལ་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།
2013ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཧན་ལྕི་བའི་འཁོར་སྟེགས་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས“བཟོ་ལས་ནི་ང་ཚོའི་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བ་ཡིན་པས། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ང་ཚོ་རང་ཉིད་ཀྱི་སྤུས་རྟགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་ནས་ང་ཚོ་རང་ཉིད་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཞིག་ཆགས་པ་བྱེད་དགོས”ཞེས་གསུངས་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ང་ཚོས་གྲངས་འཛིན་ཅན་དང་། རིག་ནུས་ཅན། རྩེར་སོན་སྒྲིག་ཆས་བཅས་ལ་དམིགས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་གསར་པ་འབོར་ཆེན་ཞིག་རླུང་གློག་དང་། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་སུ་སྤྱད་ཡོད”ཅེས་ཝུའུ་ཧན་ལྕི་བའི་འཁོར་སྟེགས་ཚོགས་པ་ཚད་ཡོད་ཀུང་སིའི་འཕེལ་རྒྱས་འཆར་འགོད་པུའི་པུའུ་ཀྲང་ལི་ཧྲེང་གིས་བརྗོད།
2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུང་ཧོ་ཚན་རྩལ་ཚོགས་པར་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱིས་ངེས་པར་དུ་ལྟེ་བའི་ལག་རྩལ་ཐད་ཚད་བརྒལ་ཟམ་མི་ཆད་པར་ཡོང་བ་བྱེད་པ་དང་རང་བརྟེན་ཤེས་བྱའི་བདག་དབང་གི་འགག་རྩའི་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཀྱིས‘ཀྲུང་གོའི་སྙིང་ཏིག’ལག་རྩལ་གཏོད་པའི་ང་ཚོའི་ཡིད་ཆེས་བརྟན་དུ་ཕྱིན་སོང་། ལག་རྩལ་ཐད་དཀའ་ངལ་ཆེན་པོ་འཕྲད་མོད། འོན་ཀྱང་ང་ཚོས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་ཚད་བརྒལ་རྒྱུན་ཆད་མེད་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད”ཅེས་བརྗོད། ཧྥུང་ཧོ་འཕྲིན་གཏོང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཙེང་ཅུན་གྱིས། 2018ལོར་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་སྐབས། ང་ཚོས་རྒྱལ་ནང་གི་ཚོང་སྤྱོད་25Gb/sསྙིང་ཏིག་ཨང་དང་པོ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་མ་ཐག་ཡིན། དེ་རྗེས་100Gb/sདང་400Gb/sསྙིང་ཏིག་བཟོས་ཡོད། ད་ལོ་1.6b/sསྙིང་ཏིག་ཁྱབ་བསྒྲགས་བྱས་པ་དང་། རང་རྒྱལ་གྱི་སྭེལ་འོད་སྙིང་ཏིག་ལག་རྩལ་དེ་Gb/sརིམ་པ་ནས་Tb/sརིམ་པའི་བར་མཆོང་སྐྱོད་བྱུང་ཡོད་ཅེས་བརྗོད།
གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་གསར་གཏོད་ནུས་པ་ཆེ་རུ་ཕྱིན་པ།
“2021ལོར་ཧུའུ་པེས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་ལས་ཐོག་མར་བརྒལ་ནས་2017ལོ་ལས་43.5%འཕར་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་ལས་ཐེངས་དང་པོར་བརྒལ་ནས་2017ལོ་ལས་71.7%འཕར་ཡོད”ཧུའུ་པེ་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་ཧྥེང་ཡན་ཧྥེ་ཡིས་ཧུའུ་པེའི་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཆུ་ཚད་ཀྱི“མདུན་གྲལ་གྱི་ཨང་དང་པོར”སླེབས་ཡོད་ཅེས་བརྗོད།
“འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་དགོས”
2018ལོའི་ཟླ་4ཚེས་26ཉིན་ཝུའུ་ཧན་དུ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་གི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བཏོན་གནང་བ་སྟེ། “འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་དགོས”ཞེས་གསུངས་པ་རེད།
འབྲི་ཆུའི་མ་ལམ་སྤྱི་ལེ་1061ཡོད་པའི་ཧུའུ་པེས་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་འཁུར་ཡོད། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་བཅོས་སྒྲིག་བྱས་པས་འབྲི་ཆུའི་ངོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར།
སྐྱེ་ཁམས་ལ་བརྟེན་ནས་ཕྱུག་པོའི་ལམ་བུ་བཏོད་ཡོད།
འབྲི་ཆུའི་འགག་གསུམ་ཆུ་རགས་འགྲམ་གྱི་དབྱི་ཁྲང་གྲོང་ཁྱེར་ཞུས་ཅ་ཁྲུང་གྲོང་ཚོའི་གྲོང་མི་ལིའུ་ཀྲེང་ཆིང་གིས་ཡུལ་སྐོར་བ་ཕེབས་སྐྱེལ་ཞུས་རྗེས། འཁྲུ་རྒྱུར་ལུས་པའི་མལ་ཆས་དག་ཁྱེར་ནས་དམངས་ཕན་གོས་འཁྲུའི་རྫིང་བུའི་ཕྱོགས་སུ་བསྐྱོད། “དེ་ནི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ས་རེད། 2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་གྲོང་ཚོར་རྟོག་ཞིབ་གནང་སྐབས། གྱོན་གོས་དེ་འདྲ་བྱས་ནས་འཁྲུ་བ་དེ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་ཅེས་བསྔགས་བརྗོད་གནང་བྱུང”ཞེས་ལིའུ་ཀྲེང་ཆིང་གིས་བརྗོད། གྲོང་མི་ཚོས་འབྲི་ཆུ་སྲུང་སྐྱོང་བྱས་པས་གྲོང་མི་ཚོ་ལའང་ཕན་པ་མི་དམན་པ་ཞིག་ཐོབ་ནས། ཡིད་དུ་འོང་བའི་མཛེས་ལྗོངས་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་སོང་ཞིང་། ད་ཆ་ལིའུ་ཀྲེང་ཆིང་གིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་བཞིན་ཡོད།
ལྗང་མདོག་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཅིང་། 2018ལོ་ནས་བཟུང་ཧུའུ་པེ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་1136.7བྱས་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4.2བར་མང་དུ་ཕྱིན་ནས་ཆུ་མོ་དྭངས་བ་དང་། ཆུ་འགྲམ་སྔོ་ལྗང་། གཙང་པོ་ཤང་ཤང་དུ་རྒྱུག་པ་བཅས་ཀྱི་འབྲི་ཆུའི་ལྗང་མདོག་སྐྱེ་ཁམས་ཀྱི་བར་ཁྱམས་ཤིག་གྲུབ་ཡོད།
ཕྱོགས་སྒྱུར་ལ་ཤུགས་སྣོན་བརྒྱབ་པས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་པ།
གྲུ་གཟིངས་ཀྱི་དུང་བརྡའི་ཁྲོད་ཝུའུ་ཧན་གྱི་གྲུ་ཁ་གསར་པར་ལས་བྲེལ་ཆེ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2013ལོའི་ཟླ་བདུན་པར་ཝུའུ་ཧན་གྱི་གྲུ་ཁ་གསར་པའི་དབྱང་ལུའོ་དོས་སྒམ་གྲུ་ཁར་རྟོག་ཞིབ་གནང་སྐབས“ཆུ་བོ་རྒྱུག་ཁུལ་ཧྲིལ་པོ་ཆུ་ལམ་ཡག་ཤོས་སུ་གཏོད་དགོས”ཞེས་གསུངས་པ་དེ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་གྲུ་ཁའི་ཐོན་ཁུངས་བསྡུ་སྒྲིལ་དང་། མཁྲེགས་ཆས་སྒྲིག་ཆས་རིམ་སྤོར། སྐྱེལ་འདྲེན་གྲུབ་ཆ་ལེགས་གཏོང་། མཁའ་ལམ་མ་ལག་ཕུན་སུམ་ཚོགས་སུ་གཏོང་བ་སོགས་2021ལོར་དབྱང་ལུའོ་གྲུ་ཁའི་ལས་སྒྲུབ་ལས་ཕྱོད་དེ་2013ལོར་ཆུ་ཚོད་རེར་བཏེགས་ཚད་22ནས་ཆུ་ཚོད་རེར་བཏེགས་ཚད་27བར་འཕར་ཡོད། ལོར་འདོན་འཇུག་བྱེད་ཚད་2013ལོར་ཚད་ལྡན་དོས་སྒམ་ཁྲི་76ནས་ཁྲི་184བར་མང་དུ་ཕྱིན་ཡོད་པ་རེད།
གཙང་པོ་ལང་ལོང་དུ་རྒྱུག ལྷོ་ཕྱོགས་གནམ་མཐར་གྲུ་བརྒྱ་འགྲན་བཞིན་བསྐྱོད།
“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”བླང་བྱ་དོན་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི“ཧུའུ་པེའི་ཐབས་ལམ”ནུས་ཤུགས་ཡོད་རྒུས་བཏོད་པར་བརྟེན། འཕེལ་རྒྱས་ཀྱི“ལག་རྩལ་གསར་པའི་གྲངས་འབོར”དང“སྔོ་ལྗང་གི་གྲངས་འབོར”འཕར་ཡོད། ཧུའུ་པེས《ཧུའུ་པེའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་མ་ཟད། བཀག་རྒྱའི་གསལ་ཐོར་བརྟེན་ནས་ཐོན་ཁུངས་ཟད་གྲོན་གྱི་ཚད་གཞི་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཅས་ནན་པོར་བསྲུངས་ཏེ་འཕེལ་རྒྱས་ལྗང་མདོག་གཉིས་ཀ་མངོན་འགྱུར་བྱས་ཡོད།
“ཧུའུ་པེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”
ལོ་གཉིས་ཀྱི་གོང་དུ་གློ་བུར་དུ་ཐོན་པའི་རིམས་ནད་ཁྲོད་ཧུའུ་པེའི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ནས། 2020ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་བསྡོམས་འབོར་བཅུ་ཆ་བཞི་ཙམ་ཆག་ཡོད།
2020ལོའི་ཟླ་3པར། ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ་རེད།
2020ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧུའུ་པེར་མངགས་བཅོལ་ཟབ་མོ་བཏོན་གནང་ནས། “ཧུའུ་པེའི་བློ་མཐུན་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འབད་འབུངས་ཡར་བརྩོན་བྱ་རྒྱུའི་རེ་བ་ཡོད”“ཧུའུ་པེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་ཧུའུ་པེའི་ལས་བྱེད་པ་དང་མང་ཚོགས་ཚོས་རིམས་ནད་རྗེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་པའི་བྱ་སྤྱོད་ཀྱི་སྤྱིའི་རྩ་འཛིན་དུ་གྱུར་ཡོད།
སྲིད་ཇུས་ཀྱི་བྱེད་ཐབས་ལ་བརྟེན་ནས“གཞི་གདན”དམ་འཛིན་བྱས་པ།
ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ཧུའུ་པེས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་པ་མ་ཟད། ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་ཉུང་དུ་བཏང་བ་དང་ཆབས་ཅིག་ཁེ་ལས་ལ་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། འདི་ལོའི་དུས་ཚིགས་དང་པོར་ཧུའུ་པེའི་བཟོ་ལས་རིགས་ཆེ་གྲས་ཀྱི་ལས་རིཌ་41ཁྲོད་39ཡི་དཔལ་འབྱོར་འཕར་ཡོད།
ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པར་བརྟེན། 2021ལོའི་ཟླ་12པའི་ཟླ་མཇུག་བར་ཧུའུ་པེའི་ཁྲོམ་རའི་བྱེད་པོའི་ཚོང་དུད་ཁྲི་112.46གསར་འཕར་བྱུང་ནས་དུས་མཚུངས་ལས་53.9%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་1697གསར་འཕར་བྱུང་བ་དང་གསར་འཕར་གྲངས་ཚད་དེ་ཉེ་བའི་ལོ་ལྔའི་ནང་མཐོ་ཤོས་སུ་སླེབས་ཡོད། 2021ལོར་ཧུའུ་པེའི་GDPཐོག་མར་སྒོར་དུང་ཕྱུར་ཁྲི་5ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་པ།
ཧུའུ་པེའི་ས་གཞི་ཆེ་མོར་ཕྱོགས་སྐབས་མ་དངུལ་སྒོར་དུང་ཕྱུར་75བཏང་བའི་སྐྱེ་དངོས་ལག་རྩལ་ཐོན་ལས་གླིང་དང་དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་100བཏང་བའི་པི་ཡ་ཏི་ཤང་དབྱང་ཐོན་ལས་གླིང་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་ཐུབ་ཡོད། 2022ལོའི་དུས་ཚིགས་དང་པོར་ཧུའུ་པེར་སྒོར་དུང་ཕྱུར་ཡན་གྱི་ལས་གྲྭའི་རྣམ་གྲངས་6966ཟིན་པ་དེ་དུས་མཚུངས་ལས་1264འཕར་བ་དང་། བཟོ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ལ་མ་དངུལ་གཏོང་ཚད་29.6%འཕར་ནས་མ་འཇོག་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་9.6གིས་མགྱོགས་པ་ཡོད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་འབྱོར་བའི་གློག་འཕྲིན)