དབུ་ཤོག>ཆེད་སྒྲིག
  • “གནམ་འོག་གི་ཏའོ་པན་དང་པོར”འཚོ་བའི་གློག་བརྟན་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-13

    “ཡང་གློག་ཤི་སོང་། ད་ཁ་ལག་བཟོ་ཐབས་བྲལ་སོང་། དེ་ལས་ཚང་མ་སྟབས་བདེའི་ཐུག་པ་སྦངས་ན་དགའ”ཞེས་2020ལོའི་དགུན་ཁའི་ས་སྲོས་ཅིག་ལ། ཨ་མདོའི་གཞུང་ལམ་བདག་སྐྱོང་དུམ་བུའི་བདག་སྐྱོང་ལམ་གཤོང་ས་ཚིགས་109ཡི་རོགས་སྐྱོབ་ཉེན་སེལ་རུ་མི་འགའ་ངལ་དུབ་ཀྱིས་མནར་བཞིན་ཟ་ཁང་ནང་འཛུལ་སྐབས་མ་བྱན་གྱིས་འཁང་ར་བྱེད་བཞིན་དེ་ལྟར་བཤད།

    “སྐར་མ་40ཡི་རྗེས་ལ་ལམ་སེང་ཁ་ལག་གཏོང་རྒྱུ་ཡིན”ཞེས་2022ལོའི་གནམ་ལོ་གསར་ཚེས་ཀྱི་དགོང་མོར་མ་བྱན་གྱིས་འབྲས་བཀྲུས་ནས་གློག་རྡིག་ནང་བླུགས་ཏེ་མཐེབ་མནན་མ་ཐག་གློག་བརྡ་དམར་པོ་ཞིག་སྦར་འཕྲལ་ངོ་གདོང་ནས་དགའ་བའི་འཛུམ་མདངས་སྟོན་བཞིན་དུ་བཤད།

    “འཁང་རའི་རྣམ་འགྱུར”ནས“དགའ་སྤྲོའི་འཛུམ་མདངས”བར་གྱི་འགྱུར་ལྡོག་ནི། ཉི་ནུས་དང་འོད་ཤུགས་ལ་བརྟེན་མི་དགོས་པར་རྒྱལ་ཁབ་ཀྱི་གློག་ཆེན་གློག་དྲའི་གློག་བཏང་བ་ལས་བྱུང་བ་ཞིག་ཡིན་ལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་དམངས་ལ་ཕན་འདོགས་པའི་བྱ་ཐབས་མཐའ་འཁྱོངས་སྤེལ་བའི་གྲུབ་འབྲས་ཤིག་དེ་བས་ཀྱང་ཡིན།

    2021ལོའི་ཟླ་11ཚེས་20ཉིན་ཆན་ཧྥུའུ་35ཟིན་པའི་ཨ་སྒང་གློག་སྒོ་མཐུད་རྒྱུ་ལམ་ལྷོངས་བྱུང་བ་དང་སྦྲགས་ས་བབ་མཐོ་ཚད་སྨི་5100ལྷག་ཙམ་ཟིན་པའི་ཨ་མདོའི་གཞུང་ལམ་བདག་སྐྱོང་དུམ་བུའི་བདག་སྐྱོང་ལམ་གཤོང་ས་ཚིགས་109ལ་རྒྱལ་ཁབ་ཀྱི་གློག་དྲ་དངོས་སུ་འབྲེལ་ཐུབ་པ་རེད།

    “རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་རོགས་རམ་ལ་བརྟེན་ནས་ང་ཚོ་གློག་མེད་པའི་དཀའ་ངལ་ལས་གྲོལ་སོང”ཞེས་བདག་སྐྱོང་ལམ་གཤོང་ས་ཚིགས་109ཡི་མ་བྱན་གྱིས་བཤད་པ་དང་། ཁོང་གིས“ད་ཆ་ཁ་ལག་བཟོ་སྐབས་གློག་མེད་པའི་སེམས་ཁྲལ་མི་འདུག་ལ། ཁ་ལག་བཟོ་རྒྱུ་སྔོན་མ་ལས་མགྱོགས་པས། ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་ཚོ་ཁ་ལག་བཟའ་བའི་དུས་ཚོད་ཀྱང་བལྟོས་བཅས་ཀྱིས་བརྟན་དུ་ཕྱིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་། ཨ་མདོའི་གཞུང་ལམ་བདག་སྐྱོང་དུམ་བུའི་བདག་སྐྱོང་ལམ་གཤོང་ས་ཚིགས་109པ་གདང་ལའི་ཉག་ཁའི་ལྷོ་ངོས་ཀྱི་སྤྱི་ལེ་10ཙམ་གྱི་སར་གནས་པ་དང་། དེ་ལ“གནམ་འོག་གི་ཏའོ་པན་དང་པོ”ཞེས་འབོད་ཀྱི་ཡོད། དེ་གའི་ཁོར་ཡུག་ཧ་ཅང་ཞན་ཞིང་། གངས་རླུང་འཚུབ་པ་དང་། ཐོག་རྒྱག་པ། གློག་དམར་འཁྱུག་པ་བཅས་ནི་རྒྱུན་གཏན་རེད། དེ་འདྲ་ཡིན་ནའང་བདག་སྐྱོང་ལམ་གཤོང་ས་ཚིགས་109པར་ལོ་འཁོར་མོར་སྡོད་མཁན་གཞུང་ལམ་བདག་སྐྱོང་བཟོ་པ་40ལྷག་ཙམ་ཡོད་པ་དེ་དག་གིས་གངས་འཕྱགས་ནས་ལམ་གཤོང་བ་དང་། རོགས་སྐྱོབ་ཉེན་སེལ་བྱེད་པ། གཞུང་ལམ་བདག་སྐྱོང་བྱེད་པ་སོགས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད་པས། ཁོང་ཚོ་ནི་ངོ་གནོང་མི་དགོས་པའི“མཁའ་ལམ་གྱི་དཔའ་བོ་དཔའ་མོ”ཤ་སྟག་རེད།

    ཡིན་ནའང་། ལོ་མང་རིང་། ཉེ་འཁོར་གྱི་ཡུལ་མིའི་སྡོད་ས་དང་ཐག་རིང་བའི་ཁར། རྒྱལ་ཁབ་གློག་དྲའི་གློག་གཏོང་ཁྱབ་ཁོངས་ལས་བརྒལ་བའི་རྐྱེན་གྱིས་བདག་སྐྱོང་ལམ་གཤོང་ས་ཚིགས་109པར་རྒྱལ་ཁབ་གློག་དྲའི་གློག་ཡུན་རིང་འཁྲིད་ཐུབ་མེད་སྟབས། གློག་དཀོན་པའི་དཀའ་ངལ་ཡུན་རིང་ཕྲད།

    དེར་བརྟེན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་གཙང་མར་བསྒྲུབས་ནས་འཕྲལ་མར་སྐུལ་སློང་དང་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་ཆེད་དོན་འཆར་གཞི་བཀོད་དེ་གཞུང་ལམ་བདག་སྐྱོང་བཟོ་པར་བློས་འགེལ་ཆོག་པའི་གློག་གང་མགྱོགས་སྤྱོད་ཐུབ་པའི་བརྩོན་ལེན་བྱས་ཤིང་། “གདང་ལའི་ཉེ་འཁོར་གྱི་རང་བྱུང་ཆ་རྐྱེན་ལ་བསམ་གཞིག་བྱས་ནས། ང་ཚོས་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་ནས་ཇུས་གཞི་འགོད་པའི་བར་དང་། དེ་ནས་འཛུགས་སྐྲུན་རྒྱུ་ཆ་འདེམས་པ་དང་། རྣམ་གྲངས་ལག་བསྟར་བྱེད་པའི་བར་རེ་རེ་བཞིན་ལ་ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཏེ། ཁུལ་དེའི་གློག་དཀོན་པའི་གནད་དོན་ཐག་གཅོད་ཡོང་བའི་འགན་ལེན་བྱས་པ་ཡིན”ཞེས་ཨ་མདོ་རྫོང་གློག་གཏོང་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཆོས་རྒྱལ་གྱིས་ངོ་སྤྲོད་བྱས།

    གློག་ཤར་གཏོང་ཐུབ་ནས་ལོ་ཕྱེད་སོང་བའི་རྗེས། བདག་སྐྱོང་ལམ་གཤོང་ས་ཚིགས་109པར་སྐྱོད་སྐབས། གསར་འགོད་པར་རྣམ་པ་གསར་རྐྱང་ཞིག་མཐོང་བྱུང་བ་སྟེ། ཐབ་ཚང་དུ་གློག་རྡིག་དང་། འཁྱག་སྒམ། སྲེག་སྒམ་སོགས་འཚོ་བའི་གློག་ཆས་ཚང་མ་འཛོམས་པ་དང་། འཚོ་བའི་ཁུལ་དུ་གློག་གི་ཚ་ཐབ་དང་། འཁྲུད་འཁོར། མཁའ་རླུང་སྙོམས་སྒྲིག་སྒྲིག་ཆས་སོགས་གློག་ཆས་ཚང་མ་བསྒྲིགས་ཡོད་པ་མ་ཟད། གསར་འགོད་པས་གློག་ཆས་རིགས་མི་འདྲ་བ་དུས་གཅིག་ཏུ་སྤྱོད་བཞིན་པའང་མཐོང་ནས། “གློག་ཤུགས་ཆེ་བའི་འཕྲུལ་ཆས་འདི་འདྲ་མང་པོ་མཉམ་དུ་སྤྱད་ཚེ་གློག་གིས་འཁྱོག་ཐུབ་བམ”ཞེས་ཧང་སངས་པའི་སྒོ་ནས་མ་དྲིས་ཀ་མེད་བྱུང་།

    “འཁྱོག་ཐུབ་དང་ཐུབ”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ལག་རྩལ་བས་གསར་འགོད་པར་བཤད་བྱུང་། ཁོང་གིས་བདག་སྐྱོང་ལམ་གཤོང་ས་ཚིགས་109པ་དང་ཉེ་འཁོར་གྱི་སྡོད་ཁུལ་དུ་ཐེམ་དུད་བཅུ་གྲངས་ཁ་ཤས་ཡོད་པ་དེ་དག་ལ་བསམ་གཞིག་བྱས་ནས་ཀུང་སིས་འདིར་ཆེད་མངགས་400Kvaཟིན་པའི་གློག་གནོན་སྒྱུར་ཆས་ཤིག་བསྒར་བ་ཡིན། “གཤོང་ཚད་དེས་ཡུལ་མི་100ཙམ་ལ་འཚོ་བའི་གློག་གཏོང་ཐུབ་ཀྱི་ཡོད”ཅེས་བཤད།

    འབྲས་ཚལ་ཚ་པོ་ཟ་རྒྱུ་ཡོད་ལ། ཉལ་ཁྲི་དྲོ་སོབ་སོབ་ཏུ་གྱུར་པ་སོགས། གཞུང་ལམ་བདག་སྐྱོང་ས་ཚིགས་ཀྱི་བཟོ་པའི་འཚོ་བའི་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་ཡོད། འོན་ཀྱང་གློག་ཤི་བའི་གནས་ཚུལ་འཕྲད་ཚེ་ཇི་འདྲ་བྱེད་པའི་སྐོར་དྲིས་པ་ཡིན།

    “སེམས་ཁྲལ་བྱེད་དགོས་མེད། དེ་གོང་ཐོག་བརྒྱབ་པ་དང་གློག་དམར་ཡང་སེ་འཁྱུགས་ནས་གློག་ཤི་བའི་གནས་ཚུལ་ཐོན་མྱོང་ཡོད། ཨ་མདོ་རྫོང་གློག་གཏོང་ཞབས་ཞུ་ལྟེ་གནས་ཀྱིས་གནས་ཚུལ་ཤེས་རྗེས་འཕྲལ་མར་བཟོ་བར་ཕྱིན་ནས་ད་ཆ་ཡག་པོ་ཆགས་ཡོད”ཅེས་གསར་འགོད་པའི་དོགས་གཞི་འདྲི་སྐབས། བདག་སྐྱོང་ལམ་གཤོང་ས་ཚིགས་109པའི་འགོ་འཛིན་གཡུང་དྲུང་དར་རྒྱས་ཀྱིས་དེ་ལྟར་འགྲེལ་བཤད་བྱས་པ་མ་ཟད། ཁོང་གིས“གློག་ཁབ་གློག་དྲ་སྦྲེལ་བ་ནས་བཟུང་ང་ཚོའི་འཚོ་བའི་གློག་རྦད་དེ་བརྟན་པོ་ཡོད”ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།