དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ལྡན་པའི་ལམ་ཆེན་དུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-06-10

    ཆང་ཁྱིམ་གྲོང་ཚོ་དེ་ཉིད་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་གནས་པ་དང་རྩེད་ཐང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་26ལས་མེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཟིན་ཞིང་། དེ་སྔ“2019ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ཀྱི་མཚན་སྙན་ཐོབ་མྱོང་ཡོད།

    ཆང་ཁྱིམ་གྲོང་ཚོར་སླེབས་སྐབས་གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་གྲོང་ཚོའི་ཁང་པ་དང་དམངས་སྲོལ་གནས་ཚང་མཛེས་ལ་གྲལ་འགྲིག་པ་ཞིག་འདུག ལུང་ཁུག་གི་རི་གྲོང་ལའང་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་ཡོད། “ད་ཆ་གྲོང་ཚོའི་ནང་གི་འགྲོ་ལམ་ཧ་ཅང་ཡག་པོ་ཡོད་པས་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད”ཆང་ཁྱིམ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་བསོད་ནམས་ཆོས་སྒྲོན་གྱིས་འཛུམ་དམུལ་དམུལ་ངང“ངའི་ཁྱིམ་གྱི་ཁང་མིག་8དམངས་སྲོལ་གནས་ཚང་དུ་གཉེར་སྐྱོང་བྱས་པས་ལོ་གཅིག་ལ་ཡོང་འབབ་མང་པོ་རག་གི་འདུག”ཅེས་བཤད།

    ཕྱུག་པོར་འགྱུར་དགོས་ན་སྔོན་ལ་ལམ་བཟོ་དགོས། ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་གིས“ཡག་པོ་བཞིའི་གྲོང་གསེབ་ལམ”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་གསེབ་གཞུང་ལམ་གྱི་རྨང་གཞིའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། 2019ལོའི་ཟླ་11པར་འཕྱོངས་རྒྱས་རྫོང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)

    རྒྱལ་ཁབ་དབུལ་སྐྱོར་གཞུང་དོན་ཁང་། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས“ཁག་ཆེན་པོ་གསུམ”དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བའི་བསྡུས་རིས་ཤིག་རེད།

    2014ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་486ལག་བསྟར་བྱས་པ་དང་། ལམ་ཚད་སྤྱི་ལེ་3295.18གསར་སྐྲུན(རྒྱས་སྐྲུན)བྱས་པ། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་6652.642བར་རིང་དུ་བཏང་བ། ཤང་གྲོང་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ། སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་85.82%ཟིན་པ་བཅས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    བསམ་གྲུབ་ནི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། རྒྱུན་དུ་གོང་དཀར་རྫོང་གྲོང་ནས་དགོན་སྟོད་གྲོང་རྡལ་གྱི་གྲོང་གསེབ་གཞུང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། “དེ་སྔ་གྲོང་གསེབ་ཀྱི་ལམ་བུ་གུ་དོག་པ་དང་ལྷག་པར་དུ་ཆར་དུས་སུ་ལམ་བུ་འདམ་རྫབ་ཀྱིས་ཁེངས་ནས་འགྲིམ་འགྲུལ་ལས་འཛོལ་མང་པོ་ཐོན་གྱི་ཡོད།‘ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ’སྐྲུན་འགོ་ཚུགས་ཚུན། གྲོང་གསེབ་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་མ་ཟད། ད་དུང་རྒྱུན་ཚིགས་རླངས་འཁོར་ཡང་ཤར་གཏོང་ཐུབ་ཡོད། ལམ་བུ་ཡག་ཏུ་ཕྱིན་པས་མང་ཚོགས་ཕྱིར་སྐྱོད་ལ་དེ་བས་སྟབས་བདེ་རུ་ཕྱིན་ཡོད”ཅེས་བསམ་གྲུབ་ཀྱིས་བཤད།

    གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་སྡེ་ཁུལ་གྱི་གྲོང་མི་མིག་དམར་གྱིས་འཛུམ་དམུལ་དམུལ་ངང“ད་ཆ་གྲོང་ཚོ་ཚང་མར་སྣུམ་ནག་ལམ་བཏིང་ཡོད་པས་གང་དུ་བསྐྱོད་ཀྱང་སྟབས་བདེ་པོ་འདུག ང་ཚོའི་ཡུལ་ནས་ཐོན་པའི་ནས་དང་བོད་བྱའི་སྒོ་ང་སོགས་ཁྱད་ལྡན་ཐོན་རྫས་ཚང་མ་ཕྱིར་ཚོང་ཐུབ་ཀྱི་ཡོད”ཅེས་བཤད།

    མིག་སྔར་ལྷོ་ཁ་གྲོང་ཁྱེར་དུ་ཁྱོན་འགྲུལ་སྐྱེལ་ཁེ་ལས་18ཡོད་པ་དང་འགྲུལ་སྐྱེལ་རླངས་འཁོར་410ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)12ཁོངས་གཏོགས་ཀྱི་ཤང་གྲོང་82དུ་འགྲུལ་སྐྱེལ་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་ཚད་92.68%ཟིན་པ་དང་། སྒྲིག་ཚུད་གྲོང་ཚོ་489(གྲོང་མི་ཨུ་ལྷན་67ཚུད་མེད་པ)ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་66%ཟིན་ཡོད།

    འགྲོ་འོང་གི་ལམ་ཡག་པོ་ཡོད་པ་དང་། ཐོན་ལས་ལ་འཚོང་ལམ་ཡོད་པ། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ་སོགས“ཡག་པོ་བཞིའི་གྲོང་གསེབ་ལམ”རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་གྲོང་གསེབ་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་བདེ་སྐྱིད་ལམ་ཆེན་དེ་བས་ཡངས་སུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།