“འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པ་དང་འཕེལ་རྒྱས་གསར་པ། ལེའུ་གསར་པ་བཅས་ཧུར་ཐག་བརྩམས་ཡོད།
དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱས་པ།
མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་ཡིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་དམིགས་ཚད་ལ་དམིགས་ནས། ལས་དོན་ཁག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཚད་གཞི་དང་བསྡུར་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་སློབ་གྲྭར་གཏིང་ཟབ་སྤེལ་བ་དང་བསྟུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་ཆུ་གསུམ་གྲོང་རྡལ་སློབ་ཆུང་གི་དགེ་སློབ་ཚོའི་སེམས་ནང་གཏིང་ཟབ་ཟུག་ཡོད། བུ་མོ་ཚེ་རིང་སྒྲོལ་དཀར་དང་མཉམ་དུ་ཆུ་གསུམ་གྲོང་རྡལ་སློབ་ཆུང་གིས་གཉེར་བའི“ལག་ཆུང་གིས་ལག་ཆེན་འཁྲིད་པའི”་ཁྱིམ་ཚང་དང་སློབ་གྲྭའི་མཉམ་འགུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་ནང་ཞུགས་པ་བརྒྱུད། ཚེ་རིང་རྒྱ་མཚོར་མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཐད་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཁོང་གིས“ང་ཙམ་མ་ཟད། བྱེད་སྒོར་ཞུགས་མཁན་ཚང་མའི་སེམས་གཏིང་ནས་མེས་རྒྱལ་མཐུན་སྒྲིལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོར་སྤོབས་སེམས་ཆེན་པོ་སྐྱེས་ཀྱི་ཡོད། ཚང་མས་མི་རིགས་མཐུན་སྒྲིལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོའི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཆེད་རང་རྟོགས་ངང་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད”ཅེས་བཤད།
གོ་སྐབས་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།
གོང་དཀར་རྫོང་གི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་ར་བ་མི་རྣམས་ཀྱི་མིག་ལམ་དུ་མངོན་ཞིང་། ར་བའི་ནང་གནས་སྤོས་མང་ཚོགས་ཀརྨ་ལག་རྩལ་པའི་མཛུབ་ཁྲིད་འོག་འབྲས་ཤིང་ལ་བདག་སྐྱོང་བྱེད་བཞིན་མཆིས། ཀརྨ་ཡིས“ན་ནིང་ང་ཚོའི་ཀུ་ཤུ་ལྷ་ས་དང་ལྷོ་ཁའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་བཙོངས་པ་མ་ཟད། ད་དུང་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་། ཧུའུ་ནན་སོགས་ཀྱི་ཁེ་ལས་དང་མངགས་ཐོ་ཡང་བཞག་པ་ཡིན”བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པས་ཀརྨ་ཚུད་པའི་ས་གནས་དེ་གའི་མང་ཚོགས་རྣམས་དགའ་སྤྲོས་ཁེངས་ཡོད། “དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཡོད་པས་ཚང་མ་འདི་གར་ལས་ཀར་ཡོང་འདོད་བྱེད་ཀྱི་ཡོད། ན་ནིང་ང་འདི་གར་ལས་ཀ་བྱས་པས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང”ཞེས་བཤད།
མིག་སྔར་སྲིན་བུ་རིའི་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་ར་བར་སྤྱིའི་རྒྱ་ཁྱོན་མུའུ་5777.4ཡོད་པ་དང་། སྔོན་དཔག་བྱས་ན་ཐོན་འབབ་ལེགས་པའི་དུས་སུ་མུའུ་རེའི་ཐོན་ཚད་ཏུན་1.5ནས་ཏུན་2བར་ཟིན་རྒྱུ་དང་ཐོན་འབབ་ལེགས་པའི་དུས་ལོ་15ཡིན་པ་རེད། དེ་དང་ཆབས་ཅིག་ཀུ་ཤུའི་སྤུས་ཚད་འགན་ལེན་བྱ་ཆེད། མ་དངུལ་སྒོར་ཁྲི་2000བཏང་བའི་སྡོང་ཐུང་ཀུ་ཤུ་འཁྲུ་འདེམས་སྒྲིག་ཆས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་དམིགས་ཚད་ལ་དམིགས་པ་དང“རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། ཁུལ་གསར་གྱིས་སྣེ་ཁྲིད་བྱེད་པ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཁྱད་ཆོས་འབུར་དུ་ཐོན་པ་དང་། བཀོད་པ་ལེགས་གཏོང་། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་སྒྲིག་བཀོད་ཞིང་ལས་དང་དེང་རབས་འབྲོག་ལས་གཙོ་བོར་བྱེད་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“དུང་ཕྱུར་བརྒྱའི་ཐོན་ལས་ཁྱམས་རིང”ནུས་ཤུགས་ཡོད་རྒུས་གཏོད་པ་དང་། སྲིན་བུ་རིའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཚད་བརྒལ་བྱེད་སར་བྱས་ནས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
སྐྱེ་ཁམས་སྔོན་ལ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རང་ལྗོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམིགས་ཚད་ལ་དམིགས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་མུ་མཐུད་སྤེལ་བ། ཡར་ཀླུང་གཙང་པོའི་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་གཙོ་གནད་དུ་བྱེད་པ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་སྐྱེ་ཁམས་བར་ཁྱམས་དང་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁྱིམ་ཚང་ཞིང་འབྲོག་ར་དང་། མཉམ་ལས་ཁང་། འདེབས་འཛུགས་གསོ་ཚགས་རྟེན་གཞི་སོགས་ཞིང་འབྲོག་ལས་ཐོན་སྐྱེད་ཁེ་ལས་ནང་མཉམ་འདྲེས་བྱས་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྐྱེ་ཁམས་ཅན་གྱི་ཐོན་ལས་འཁོར་འབྲེལ་རིམ་བཞིན་འཛུགས་པ་དང་། སྤྲོ་གསེང་གྲོང་གསེབ་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། སྔོག་འཐུ་ཡུལ་སྐོར། ཞིང་ཁྱིམ་སྤྲོ་སྐྱིད་ཁང་། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་། དམངས་སྲོལ་ཁང་སོགས་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ལ་གཙོ་གནད་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག དམངས་ཡོངས་སྐུལ་སློང་བྱས་ནས་ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ཞིང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.26ཟིན་པ་དང་། ནགས་ཚལ་ཁྱབ་ཚད་24.79%བར་མཐོ་རུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
འབྱོར་འབྲིང་དཔེ་སྟོན་གྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
“ད་ཆ་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་ཕྱིན་པ་དང་། མཐའ་སྲུང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པ། མེས་རྒྱལ་གྱི་མཐའ་མཚམས་དེ་བས་བརྟན་དུ་ཕྱིན་ཡོད” ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་མང་ཚོགས་སྒྲོལ་དཀར་གྱིས“སྔོན་ཆད‘ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང’ཡིན་པའི་ཡུལ་སྨད་ད་ཆ་བཀྲག་མདངས་འཚེར་བའི་མཐའ་མཚམས་ཀྱི་མུ་ཏིག་ལྟ་བུར་གྱུར་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།
སྡོད་ཁང་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ནང་དོན་དུ་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད། ད་ཆ་ཡུལ་སྨད་ཤང་གི་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ས་སྲུང་མཐའ་བརྟན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ། མི་འབོར་ཡང་སྔོན་ཆད་ཀྱི་དུད་ཚང་1གི་མི་3ནས་ད་ཆའི་དུད་ཚང་67གྱི་མི་234བར་མང་དུ་ཕྱིན་ཡོད། ན་ནིང་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད་པ་རེད།
དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་རང་ལྗོངས་སུ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་དམིགས་ཚད་ལ་དམིགས་པ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་དམ་འཛིན་ཡག་པོ་བྱས་པའི་དཔེ་མཚོན་ཙམ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་དམག་དཔུང་འདུས་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཡོངས་ཁྱབ་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པ། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ། རྒྱལ་ཁབ་མཐའ་སྲུང་འཐབ་ཇུས་ཀྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་དང་མི་འབོར་མངོན་གསལ་དོད་པོས་མང་དུ་བཏང་བ། མཐའ་སྲུང་དེ་བས་བརྟན་ལྷིང་དང་དེ་བས་བདེ་འཇགས་ཡོང་བ་བཅས་བྱས་ཡོད།