ལན། 《གྲོས་ཆོད》ནང་བསྟན་དོན། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་བློ་མཐུན་ཅང་ཙེ་མིན་གྱིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་སྐུལ་འདེད་བཏང་བ་རེད། ཆོད་སྡོམ་གལ་ཆེན་དེར་གཙོ་བོ་གཤམ་གསལ་གྱི་ཕྱོགས་གསུམ་ཐད་ནས་གོ་བ་གཏིང་ཟབ་ལེན་ཆོག་པ་སྟེ།
དང་པོ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྲུང་སྐྱོབ་དང་སྐུལ་འདེད་བཏང་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཟིལ་རླབས་དགུང་དུ་འཕྱུར་ཡོད། ལྷག་པར་དུ་དུས་རབས་20པའི་ལོ་རབས་80པའི་དུས་མཇུག་དང་ལོ་རབས་90པའི་དུས་འགོར། རྒྱལ་ནང་དུ་ཆབ་སྲིད་ཀྱི་དུས་འགྱུར་ཆེན་པོ་བྱུང་བ་དང་། རྒྱལ་སྤྱིའི་ཐོག་སུའུ་ལེན་ཐོར་ཞིག་ཏུ་སོང་བ་དང་ཡོ་རོབ་ཤར་མར་འགྱུར་ལྡོག་དྲག་པོ་བྱུང་བ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་དཀའ་ངལ་དང་གནོན་ཤུགས་འཕྲད་ཡོད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གྲུབ་འབྲས་ཐོབ་པའི་སྒོ་ནས་སྲུང་སྐྱོབ་ཐུབ་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་བར་གྱི་ལོ་13གྱི་རིང་།
རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་ཐོན་པའི་དཀའ་ངལ་དང་འགྲན་སློང་རབ་དང་རིམ་པའི་མདུན་དུ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཚབ་འཚུབ་མེད་པར་ཁ་གཏད་གཅོག་པ་དང་། ཚོད་བགམ་མང་དག་ཅིག་ཉམས་སད་ཐེག་པ། འགལ་རྐྱེན་སྣ་ཚོགས་སེལ་བ་བཅས་བྱས་པས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།
གཉིས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་སྤྱི་དབང་ལམ་ལུགས་ཀྱིས་གཙོ་རྐང་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་རྩོལ་བསྟུན་ཐོབ་སྤྲོད་གཙོ་རྐང་དུ་བྱེད་པ། བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་གནས་ཀྱི་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་ཡོད། བརྒྱུད་རིམ་དེའི་ནང་རང་རེའི་ཏང་གིས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ཤུགས་ཆེན་བསྟར་ཏེ། དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་དང“ཕྱིར་སྐྱོད་པའི”འཐབ་ཇུས་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱས་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་མཛད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཤང་ཀང་དང་ཨའོ་མོན་སྔ་རྗེས་སུ་མེས་རྒྱལ་གྱི་པང་དུ་ལོག་པ། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཕྱོགས་མང་པོ་དང་རིམ་པ་མང་བའི་ཕྱི་ཕྱོགས་འབྲེལ་བའི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ། ཏང་གི་རང་ངོས་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱས་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་བཏང་བ་བཅས་རེད།
གསུམ་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་དང་། དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ། ཏང་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་པ། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་རིགས་པའི་གཞུང་ལུགས་གསར་གཏོད་བཅས་བྱས་པས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྱིས་གང་ཞིག་ལ་སྤྱི་ཚོགས་རིང་ལུགས་ཟེར་བ་དང་། སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པ། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ། ཏང་འཛུགས་སྐྱོང་ཇི་ལྟར་བྱེད་པ་བཅས་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བསམ་བློའི་གོ་རྟོགས་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅུ་དྲུག་པས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་རང་རེའི་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་ནས་རང་རེའི་ཏང་གི་མཛུབ་ཁྲིད་བསམ་བློ་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་ཡོད་པ་རེད།
དུས་སྐབས་འདིར་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ལོ་རྒྱུས་ཇི་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 2001ལོར་རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1989ལོ་ལས་ལྡབ་2ཙམ་འཕར་བ་དང་ལོ་རེར་ཆ་སྙོམས་9.3%འཕར་ཞིང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་6པར་སླེབས་ཏེ་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་ལྟོ་གོས་འཛོམས་ཙམ་ནས་འབྱོར་འབྲིང་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། དེ་ནི་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཤུགས་ཆེན་སོང་བ་དང་མི་དམངས་ལ་ཐོབ་པའི་ཕན་པ་དངོས་ཟམ་མི་ཆད་པར་མང་དུ་འགྲོ་བའི་དུས་སྐབས་ཤིག་དང་། རང་རྒྱལ་གྱི་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་མཐུན་སྒྲིལ་དང་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པའི་དུས་སྐབས་ཤིག རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་མི་རིགས་གོང་བུ་འགྲིལ་ཤུགས་ཧ་ཅང་ཆེ་རུ་འགྲོ་བའི་དུས་སྐབས་ཤིག་བཅས་རེད།
ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་བློ་མཐུན་ཅང་ཙེ་མིན་གྱིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་སྐུལ་འདེད་བཏང་བར་གོ་བ་ཇི་ལྟར་ལེན་དགོས་སམ།