དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-08

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། བློ་མཐུན་ཏེང་ཞའོ་ཕིང་གིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཏོད་པར་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། 《གྲོས་ཆོད》ནང་བསྟན་དོན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། བློ་མཐུན་ཏེང་ཞའོ་ཕིང་གིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཏོད་པ་རེད། ཆོད་སྡོམ་གལ་ཆེན་དེར་གཙོ་བོ་གཤམ་གསལ་གྱི་ཕྱོགས་གསུམ་ཐད་ནས་གོ་བ་གཏིང་ཟབ་ལེན་དགོས།

    དང་པོ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་གནས་བསྒྱུར་རྒྱུར་སྐུལ་འདེད་བཏང་བས་ཏང་གི་ལོ་རྒྱུས་ཐོག་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་མཚམས་མངོན་འགྱུར་བྱུང་ཡོད། “རིག་གནས་གསར་བརྗེ་ཆེ་མོ”མཇུག་འགྲིལ་རྗེས། “ཀྲུང་གོ་གང་གི་ཕྱོགས་སུ་འགྲོ་དགོས་པ”དེ་ཏང་དང་མི་དམངས་ཀྱི་མདུན་དུ་ལྷག་པའི་གནད་དོན་གལ་ཆེ་ཤོས་སུ་གྱུར་ཡོད། བློ་མཐུན་ཏེང་ཞའོ་ཕིང་གི་མཛུབ་ཁྲིད་འོག་1978ལོའི་ཟླ་12པར་འཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“ཡིན་ཕྱིན་གཉིས”ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང“གྲལ་རིམ་འཐབ་རྩོད་རྩ་འཛིན་དུ་བྱེད་པ”འཕྲལ་ཐག་ཆོད་པོས་མཇུག་བསྒྲིལ་ནས། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་བསྐྱར་དུ་གཏན་འཁེལ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་བ་དེ་དཔལ་འབྱོར་འཛུགས་སྐྲུན་ལ་བསྒྱུར་བ་དང་སྒྱུར་བཅོས་སྒོ་དབྱེ་ལག་ལེན་བསྟར་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པས། ཏང་གི་ལོ་རྒྱུས་ཐོག་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་འཕོ་འགྱུར་བྱུང་བ་རེད། ཐེངས་དེའི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་རང་རེའི་ཏང་གིས“རིག་གནས་གསར་བརྗེ་ཆེ་མོ”རྩ་བ་ནས་ཁས་མི་ལེན་པའི་ཇུས་ཐག་གལ་ཆེན་བཅད་ནས་ཕྱོགས་ཁག་གི་ལས་དོན་ཁྲོད་སྲིད་ཇུས་ཡང་དག་རབ་དང་རིམ་པ་སླར་གསོ་དང་བཟོས་ཡོད། ཏང་གིས《རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》བཟོས་ཏེ། བློ་མཐུན་མའོ་ཙེ་ཏུང་ལོ་རྒྱུས་ཀྱི་གནས་བབ་དང་མའོ་ཙེ་ཏུང་དགོངས་པའི་ཚན་རིག་མ་ལག་ལ་གདེང་འཇོག་ཡང་དག་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ལ་བསྡོམས་ཚིག་ཡང་དག་པ་བཀོད་ཡོད། ཏང་གིས་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་སོགས་ཁྱབ་ཁོངས་སུ་ཟིང་བཅོས་ཡོ་བསྲང་ཁྱོན་ཡོངས་ནས་སྤེལ་བ་དང་ལེགས་སྒྲུབ་བྱས་པས། སྒྱུར་བཅོས་སྒོ་དབྱེ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    གཉིས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅུ་གཉིས་པའི་ཐོག་བློ་མཐུན་ཏེང་ཞའོ་ཕིང་གིས“རང་ཉིད་ཀྱི་འགྲོ་ལམ་དུ་སྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས”ཞེས་ཁ་གསལ་བཏོན་གནང་བ་རེད། དེ་ནི་ང་ཚོས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལས་ཐོབ་པའི་གཞི་རྩའི་བསྡོམས་ཚིག་ཡིན་པ་དང་དུས་སྐབས་གསར་པར་ང་ཚོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱེད་པའི་གཞི་རྩའི་འབོད་ཚིག་ཏུ་གྱུར་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་འགོ་ཁྲིད་འོག རང་རེའི་ཏང་གིས་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་དང་རྩ་བའི་ལས་འགན་ལ་ངོས་འཛིན་ཡང་དག་ཐུབ་ནས། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་རིགས་པའི་གཞུང་ལུགས་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ། དུས་རབས་21པའི་དུས་དཀྱིལ་དུ་སླེབས་སྐབས་གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་གྱི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་པ་ཞིག་ལ་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། བརྒྱུད་རིམ་འདིའི་ནང་རང་རེའི་ཏང་གིས་གྲོང་གསེབ་སྒྱུར་བཅོས་བྱེད་པ་ནས་གྲོང་ཁྱེར་སྒྱུར་བཅོས་བྱེད་པ་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་པ་ནས་ཕྱོགས་ཁག་གི་སྒྲིག་གཞི་སྒྱུར་བཅོས་བྱེད་པ། ནང་ཁུལ་འཁྲུག་ཏུ་གཏོང་བ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་བཅས་ཀྱི་བར་གོ་རིམ་ལྡན་པའི་སྒོ་ནས་འགྱུར་ལྡོག་བཏང་བ་དང་། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ། གསར་གཏོད་རང་བཞིན་གྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཚན་རིག་དང་མཐུན་པའི་བསམ་བཀོད་བཏོན་ཏེ་ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་གྲུབ་འབྲས་ཐོབ་པའི་ངང་སྤྱད་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ། ཞི་བདེ་དང་འཕེལ་རྒྱས་ནི་དེང་སྐབས་འཛམ་གླིང་གི་གནད་དོན་ཆེ་མོ་གཉིས་ཡིན་ཞེས་བཏོན་ཐོག་ཕྱི་འབྲེལ་གྱི་བྱེད་ཕྱོགས་དང་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་བཏང་བས། ཏང་འཛུགས་སྐྱོང་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པས་ཁེངས་ཡོད།

    གསུམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པར་ལན་བརྒྱབ་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཏོད་པ། བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་མཐོང་རྒྱ་ཡངས་པོས་འཛམ་གླིང་ལ་ལྟ་ཞིབ་བྱས་ཤིང་། བསམ་བློ་དང་ལྟ་བ་གསར་པའི་ཐོག་ནས་མར་ཁེ་སི་རིང་ལུགས་ངོས་འཛིན་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བཏང་བ་དང་། ཞི་བདེ་དང་འཕེལ་རྒྱས་གཉིས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་གྱུར་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་དང་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཏོད་པ་རེད། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ནང་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གཞི་རྩའི་གྲུབ་འབྲས་མཐའ་འཁྱོངས་བྱས་ཐོག་ཅི་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཟེར་བ་དང་ཇི་ལྟར་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྩ་བའི་གནད་དོན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་བྱེད་ཚད་ཚན་རིག་གི་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱས་ཡོད་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་ལྔ་པའི་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་རང་རེའི་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་དང་སྦྲགས་ཏང་གི་སྒྲིག་ཡིག་ནང་བཀོད་པ་རེད།

    བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཀྱི་དུས་སྐབས་གསར་པ་འགོ་ཚུགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་བཏོད་ཅིང་། འགྲོ་ལམ་འདིའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་བསྡུས་རྒྱལ་སྟོབས་སྔར་ལས་ལྷག་པའི་དར་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་རིམ་བཞིན་འབྱོར་ཕྱུག་ལྡན་པ་བཅས་བྱུང་ནས། སྤྱི་ཚོགས་རིང་ལུགས་ལས་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་ཏེ། ཀྲུང་ཧྭ་མི་རིགས་རྣམ་པ་གསར་རྐྱང་གི་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད་ཅེས་བརྗོད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།