2020ལོར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། སྦྲ་ཆེན་རྫོང་གིས“དམིགས་ཚད་དང་། གཡུལ་ས། ནང་དོན། ནུས་པ། ལམ་སྲོལ། ཁྱད་ཆོས་བཅས་ཡོད་པ་དྲུག”གི་ལས་ཀའི་ཚད་གཞིར་དམ་པོར་དམིགས་ཏེ། “དྲུག་སྤེལ་དྲུག་འཁྲིད”ཀྱི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ལས་དོན་སྤེལ་རིང་བསམ་བློ་གསར་པ་ཁྱབ་པ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་རིང་བསམ་ཕྱོགས་གསར་པ་བསྡུ་རུབ། བྱེད་སྒོ་སྤེལ་རིང་བྱེད་སྟངས་གསར་པ་མཉམ་འདྲེས་ཡོང་བའི་ཐོག ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་ཡོད།
ཤེས་དཔལ་ལག་ལེན་གྱི“འཆར་གཞིའི་དཔེ་རིས”བཀོད་པ།
“སྒུག་པ་དང་བརྟེན་ནས་མི་སྡོད་པ་དང་རྐང་པ་ནས་མི་འཐེན་པར་དཀའ་སྤྱད་ལས་བརྩོན་གྱིས་ཕྱུག་འགྱུར་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་དོན་གཉེར་བྱེད་པ”ལ་སོགས། ཟླ་3ཚེས་17ཉིན། སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ཡུལ་སྐོར་ཅུས་སོགས་ཚན་པ་ལས་གྲུབ་པའི“སྦྲ་ནག”སྐོར་སྐྱོད་སྒྲོག་འགྲེལ་རུ་ཁག་གིས་དམར་རུ་ཤང་དུ་སྒྲོག་འགྲེལ་བྱས་པར་མང་ཚོགས་500ལྷག་ཙམ་འཛོམས་ནས་ཏང་གི་སྲིད་ཇུས་ཉན་པ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད།
“སྦྲ་ནག”སྐོར་སྐྱོད་སྒྲོག་འགྲེལ་རུ་ཁག་ནི་སྦྲ་ཆེན་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ནུས་ལྡན་ཞིག་རེད།
2020ལོའི་ཟླ་4ཚེས་29ཉིན། སྦྲ་ཆེན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བཙུགས་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་མ་དཔེར་བྱས་ཏེ་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་10དང་སྲིད་འཛིན་གྲོང་ཚོ་156གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱེད་འགོ་ཚུགས་པ་རེད། དེ་ལྟར་ཟླ་བ་ཁ་ཤས་ལས་མ་འགོར་བར་སྦྲ་ཆེན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་10དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་156བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྫོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བརྒྱུད་སྤེལ་དྲ་བ་ཞིག་ཆགས་ཡོད་པ་རེད།
ལོ་གཅིག་རིང་། རིམ་ཁག་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས་སྦྲ་ཆེན་རྫོང་གི་དང་བླངས་ཞབས་ཞུ་ཡན་ལག་རུ་ཁག་561དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)ཁག་གིས་རང་སོའི་ཁྱད་ཆོས་དང་ལས་ཀའི་དུས་ཚོད་ལ་གཞིགས་ཏེ་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། རིག་གནས་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན་སོགས་དང་བླངས་ཞབས་ཞུ་བྱེད་སྒོ་ཐེངས་5878ཇུས་འགོད་ཞིབ་ཚགས་བྱས་ནས་མང་ཚོགས་མི་ཐེངས་ཁྲི་51.8ལ་ཞབས་འདེགས་ཞུས་པ་རེད།
ཤེས་དཔལ་ལག་ལེན་གྱི“བྱེད་སྟངས་གསར་པ”བཏོད་པ།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་གྱི་ཁྱིམ་དུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་འགན་ཨང་དང་པོ་ཡིན།
ལས་འགན་ཨང་དང་པོ་དེར་དམིགས་ཏེ། སྦྲ་ཆེན་རྫོང་གིས་ཏང་ཡོན་གདོང་ལེན་རུ་ཁག་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་རུ་ཁག་སོགས་རྐང་འཛིན་སྟོབས་ཤུགས་གང་ལེགས་སྤྱད་ནས་ཞིང་ནང་དང་གྲོང་ཚོ་དང་འབྲོག་རར་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་སྒྲོག་འགྲེལ་བྱས་པ་རེད།
“སྦྲ་ནག”སྒྲོག་འགྲེལ་ཚོགས་པ་བཙུགས་པ་དེས་དོན་དངོས་ལ་ཉེ་བཅར་དང་མང་ཚོགས་ལ་ཉེ་བཅར་གྱི་བྱ་ཐབས་ལ་བརྟེན་ནས་སྒྲོག་འགྲེལ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱིམ་ཚང་ཀུན་གྱིས་ཤེས་པར་སྐུལ་འདེད་བཏང་བ་དང་། རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་སུ“ལྟེ་བ་དང་། སུའོ། ས་ཚིགས”བཅས་རིམ་གསུམ་གཡུལ་ས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པའི་རྨང་གཞིའི་ཐོག་བརྗོད་དོན་མངོན་གསལ་དོད་པའི་རྫོང་ཁོངས་ཀྱི་ཤེས་དཔལ་ལག་ལེན་རྟེན་གཞི་ཁག་གཅིག་བསྡུ་སྒྲིལ་བྱས་ཏེ་གཡུལ་ས་མང་ཚོགས་ཀྱི་སྒོ་རྩར་བསྐྲུན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཡོད། དང་བླངས་ཞབས་ཞུའི་ནུས་པ་བཏོན་ནས་ཆེད་ལས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་བཏོད་པ་དང་། གཞི་རིམ་དུ་སྨན་བཅོས་དང་སྨན་སྤྲོད་པ་དང་གཞི་རིམ་དུ་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ལ་ཐོབ་སྣང་སྔར་བས་ཆེན་པོའི་ཁྲོད་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་མོས་སེམས་འཆང་ཤུགས་ཆེ་རུ་བཏང་ཡོད་པ་རེད།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ནི་མང་ཚོགས་ཀྱི་ཆེད་དུ་ཡིན་ལ་མང་ཚོགས་ལའང་བརྟེན་དགོས་པ་ཞིག་ཡིན།
མང་ཚོགས་ཤེས་དཔལ་ལག་ལེན་བྱེད་སྒོར་ཞུགས་པའི་ཧུར་སེམས་དང་རང་འགུལ་སྔར་བས་འཕེལ་བར་བྱས་ནས་མང་ཚོགས་རྣམས་ཤེས་དཔལ་ལག་ལེན་བྱེད་སྒོའི“བདག་པོར”འགྱུར་བར་བྱ་ཆེད། སྦྲ་ཆེན་རྫོང་གིས་མང་ཚོགས་ལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་ཞུགས་པར་ལྕག་སྐུལ་ཟམ་མི་ཆད་པར་བྱེད་པ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་སྐུལ་སློང་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ནང་དོན་སྦྲ་ཆེན་གྱི་ཕྱོགས་གང་སར་ཁྱབ་པར་བྱས་པ་རེད།
ཤེས་དཔལ་ལག་ལེན“དར་སྲོལ་གསར་པར”གྱུར་པ།
“དང་བླངས་པ་ཚང་མ་དཀའ་ངལ་ལ་མི་སྐྲག་པ་དང་བཙོག་པར་མི་འཛེམ་མཁན་ཡག་པོ་ཤ་སྟག་རེད་འདུག”“ལྔ་གཅིག”ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ་སྦྲ་ཆེན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གི་དང་བླངས་པ་ཚོས་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་དེ“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་བཅོས་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་སྦྲ་ཆེན་གྱི་རྣམ་པ་སྔར་བས་མཛེས་སུ་བཏང་བ་རེད།
རྔུལ་ཆུས་ཚོས་ཀྱང་རང་ཉིད་ལ་ཁེ་བཟང་རག་རེ་མི་བྱེད་པའི་དང་བླངས་པ་ཚོའི་བྱ་སྤྱོད་མཐོང་སྐབས། ཉེ་འགྲམ་གྱི་མང་ཚོགས་དང་བྱིས་པ་ཚོ་ཡང་ཚ་ཚ་འུར་འུར་ངང་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཀྱི་ཡོད།
བྱ་མང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་བཙུགས་རྗེས“90ནང་སྐྱེས”ཀྱི་པ་སངས་ནི་དེ་གའི་རྒྱུན་ཕེབས་མགྲོན་པོ་ལྟ་བུ་ཞིག་ཆགས་ཤིང་། ཁོང་གིས“འདི་གར་དཔེ་ཀློག་གི་སྐལ་པ་བཟང་པོ་ལོངས་སུ་སྤྱོད་རྒྱུ་འདུག་ལ་ད་དུང་བཅའ་ཁྲིམས་ཀྱི་ཤེས་བྱའང་མང་པོ་སྦྱོང་རྒྱུ་འདུག”ཅེས་བཤད།
“དང་བླངས་ཞབས་ཞུས་ངའི་འཚོ་བར་གསོན་ཤུགས་གསར་པ་བསྣན་བྱུང་ལ། འཚོ་བ་གསར་པར་རོལ་བའི་ངའི་བློ་སྟོབས་དང་ཡིད་ཆེས་ཀྱང་སླར་ཡང་འཕེལ་སོང” 2022ལོའི་ཟླ་དང་པོར། ཡིད་མུག་ནད་ཅུང་ཟད་ཕོག་པའི་འབྲོག་མོ་ནོར་མཚོ་བྱ་མང་ཤང་རྡོ་འབུམ་ཐང་གྲོང་ཚོའི་དང་བླངས་པ་ཞིག་ཏུ་གྱུར་པ་རེད།
གྲོང་ཚོར་སླར་ཡང་དང་བླངས་པ་བསྡུ་བའི་གནས་ཚུལ་ཁྱབ་རྗེས་མཛོ་ཤོང་མགུལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་འགན་འཁུར་བ་ཚེ་དབང་བཟང་པོར་སྐབས་ཤིག་རིང་ཁ་པར་ཡང་སེ་འབྱོར་ཡོད། ཚེ་དབང་བཟང་པོས་གསར་འགོད་པར“ད་ཆ་ང་ཚོའི་གྲོང་ཚོར་དང་བླངས་པ་86ཡོད། དང་བླངས་པ་ཞིག་ཆགས་རྒྱུ་ནི་གྲོང་ཚོའི་གཞོན་དར་ཚོའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད”ཅེས་བཤད།