མཚོ་བོད་དྲ་སྦྲེལ་ལས་གྲྭ་ནི་མཚོ་བོད་སྦྲེལ་མཐུད་ཀྱི“ནུས་རྒྱུའི་འཕར་རྩ་ཆེན་པོ”ཞིག་རེད། ལོ་ལྟར་དགུན་དུས་དང་དཔྱིད་དུས་གློག་སྤྱོད་མང་བའི་དུས་སུ་ལས་གྲྭ་དེའི་གློག་གཏོང་ཚད་དང་གློག་ཐེག་ཚད་བོད་ལྗོངས་གློག་དྲའི་གློག་གཏོང་ཚད་དང་ཐེག་ཚད་བསྡོམས་འབོར་གྱི་30%ལྷག་ཙམ་ཟིན་ཞིང་། འདི་ལོའི་ཟླ་4པའི་ཟླ་མཇུག་བར། མཚོ་བོད་དྲ་སྦྲེལ་ལས་གྲྭས་རིམ་རྩིས་ལྟར་ན་བོད་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་90.89བཏང་བ་དང་། བོད་ནས་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་58.94ཕྱིར་གཏོང་བྱས་པ་དེ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1221.9ཕྱིར་འབུད་ཉུང་གཏོང་དང་གཅིག་མཚུངས་རེད་། གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ལོ་ལྟར་ལོ་བཤེར་གྱི་ལས་དོན་སྒྲིག་འཛུགས་བྱེད་ཀྱི་ཡོད།
འདི་ལོའི་ཟླ་5ཚེས་14ཉིན་ནས་ཟླ་5ཚེས་28ཉིན་བར། མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཆན་ཝ±400ཡི་ཚྭ་འདམ་གཤོངས་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་2022ལོ་འཁོར་གྱི་ཞིབ་བཤེར་ཉམས་བཟོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དེ་ནི་ལས་གྲྭ་དེའི་ལོ་བཤེར་ཐེངས་11པ་དེ་རེད།
ལྷ་སའི་གློག་བརྗེ་སྒྱུར་ས་ཚིགས་ནི་མཚོ་བོད་སྤེལ་རྒྱུག་དང་ཐད་རྒྱུག་དྲ་སྦྲེལ་ལས་གྲྭའི་གློག་བརྗེ་སྒྱུར་ས་ཚིགས་ཡིན་ཞིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་སུ་གནས་པ་དང་། དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་བའི་ས་ཁུལ་གྱི་གློག་གནོན་རིམ་པ་མཐོ་ཤོས་དང་སྒྲིག་ཆས་གཞི་ཁྱོན་ཆེ་ཤོས་ཀྱི་ཐད་རྒྱུག་ས་ཚིགས་ཤིག་རེད། ལྷ་སའི་གློག་བརྗེ་སྒྱུར་ས་ཚིགས་ཀྱིས་སྒྲིག་ཆས་བེད་སྤྱོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྒྱུན་གཏན་གྱི་ཞིབ་བཤེར་ཉམས་བཟོ་དང་། དམིགས་བསལ་གྱི་ཞིབ་བཤེར་ཉམས་བཟོ། སྐྱོན་སེལ་རྣམ་གྲངས། མངོན་མེད་རྐྱེན་ངན་སེལ་བ། ཉམས་བཟོ་ཆེན་པོའི་རྣམ་གྲངས་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད་པ་རེད།
ལྷ་ས་གློག་བརྗེ་སྒྱུར་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཧྥུའུ་ཞའོ་ཡན་གྱིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་ཞིབ་བཤེར་ཉམས་བཟོ་དང་སྐྱོན་སེལ་གྱི་ལས་དོན་དེ་ཆ་སྣེ་ཐད་རྒྱུག་བྱ་ཡུལ་དང་། ཆ་སྣེའི་སྟེམ། ཆ་སྣེའི་སྟེམ་ཁང་སྒྲིག་ཆས་དང་ཐད་རྒྱུག་ཚོད་འཛིན་འགན་ལེན། སྤེལ་རྒྱུག་གློག་སྲུང་སྐྱོང་མ་ལག་དང་འབྲེལ་བ་ཡོད། ཞིབ་བཤེར་ཉམས་བཟོ་བྱེད་མཁན་གྱིས་ལས་ཡུན་ཐུང་བ་དང་། ལས་འགན་ལྕི་བ། ས་བབ་མཐོ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཕན་ཚུན་གཞོགས་འདེགས་བྱས་པ་བརྒྱུད། ས་གནས་ས་ཐོག་ཏུ་ལས་དོན་ཁག་15བསྒྲུབས་ནས་ད་ཐེངས་གློག་བརྗེ་སྒྱུར་ས་ཚིགས་ཀྱི་ལོ་འཁོར་གྱི་ཞིབ་བཤེར་ཉམས་བཟོའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། ད་ཐེངས་ཀྱི་ལོ་བཤེར་ལས་དོན་སྤེལ་རིང་སྒྲིག་ཆས་ཁག་1070ལ་ཞིབ་བཤེར་ཉམས་བཟོ་བྱས་པ་དང་། ཉམས་བཟོའི་རྣམ་གྲངས་ཆེན་པོ་ཁག་6ལ་ལག་རྩལ་སྒྱུར་བཀོད་བྱས་པ། རྣམ་གྲངས་ཁག་7སྐྱོན་སེལ་བྱས་པ། མངོན་མེད་རྐྱེན་ངན་ཁག་20བསལ་ཡོད་པ་རེད།
ཟླ་ལྔ་པའི་བོད་བྱང་ཐང་དུ་སྔར་བཞིན་གནམ་གཤིས་གྲང་ངར་ཆེ་ཞིང་། “ཉིན་ལྟར་ལྷགས་པ་ཆེན་པོ་རྒྱག་པ་དང་གངས་ཆེན་པོ་འབབ་ཀྱི་ཡོད། ང་ཚོ་ཚང་མ་རྟག་ཏུ་ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ་ཞིབ་བཤེར་ཉམས་གསོའི་ས་ཚིགས་སུ་བསྐྱོད་ནས་ཞོགས་པ་གནམ་གཤིས་ཡག་པའི་དུས་ཚོད་དམ་འཛིན་གྱིས་ཞིབ་བཤེར་ཉམས་གསོ་བྱེད་ཀྱི་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཀུང་སིའི་གློག་འདོན་ཞིབ་བཤེར་ལྟེ་གནས་ཀྱི་བདེ་འཇགས་ལྟ་སྐུལ་བ་ལི་པའོ་ཡིས་བརྗོད།
ནག་ཆུ་ཨ་མདོ་དུམ་བུའི་གློག་ཤིང་དང་གློག་སྐུད་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་གྱི་སར་གནས་པ་དང་། དྲོད་ཚད་ཧེ་བག་ཆེ་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བས་གངས་ཆེན་པོ་འབབ་ཀྱི་ཡོད་པས། ཡིད་གཟབ་མ་བྱས་ཚེ། གློག་ཤིང་ཞིབ་བཤེར་ཉམས་གསོ་བྱེད་མཁན་གློག་ཤིང་གི་ཐོག་ཏུ་ལུས་ནས་འཁྱག་པ་དང་གསོ་རླུང་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཅིང་། ལི་པའོ་ཡིས“གནས་ཚུལ་དེ་འདྲ་ཕྲད་ཚེ། ཆ་རྐྱེན་འཛོམས་པའི་སྐབས་སུ་ང་ཚོས་ཞིབ་བཤེར་ཉམས་གསོ་བྱེད་མཁན་ཐག་ཉེ་ཤོས་ཀྱི་གློག་ཤིང་ནས་འབབ་དགོས་པའི་རེ་བ་འདོན་གྱི་ཡོད། ལྷགས་པ་ཆེན་པོ་རྒྱག་པ་དང་གངས་ཆེན་པོ་འབབ་པའི་སྐབས་སུ་རང་སར་སྡོད་དུ་འཇུག་གི་ཡོད། ཁོ་ཚོའི་རྒྱབ་ངོས་དང་སྐེད་པར་སྲུང་ཐག་བཅིངས་པས་ཞེ་སྣང་དེ་ཙམ་སྐྱེ་གི་མེད། དངོས་གནས་འབབ་མི་ཐུབ་པའི་གནས་ཚུལ་ཐོན་ཚེ་ས་ངོས་ཀྱི་བདེ་འཇགས་ལྟ་སྐུལ་བས་གང་མགྱོགས་རོགས་སྐྱོབ་རུ་ཁག་ལ་ཁ་པར་རྒྱག་གི་ཡོད”ཅེས་བརྗོད།
“རྩྭ་ཐང་དུ་ཞིབ་བཤེར་ཉམས་བཟོ་བྱེད་སྐབས་ཁྱིམ་དུད་ཉུང་བ་དང་ཡུལ་པོ་ཡོད་མོད། འོན་ཀྱང་ལས་ཀ་བྱེད་སྐབས་སྤྲོ་སྣང་ལྡན་པ་ཞིག་ཡོད། ད་ཆ་ང་ཚོ་དང་སྲོག་ཆགས་གྲོགས་པོ་ཆགས་ཡོད། ང་ཚོ་རྟག་ཏུ་དེ་གར་ལས་ཀ་བྱེད་པས་རྩྭ་ཐང་གི་སྲོག་ཆགས་ཀྱིས་ང་ཚོར་ཞེད་སྣང་བྱེད་ཀྱི་མེད། ཉིན་ཤས་གོང་ང་ཚོའི་རླངས་འཁོར་གློག་ཤིང་གི་འགྲམ་དུ་འཇོག་སྐབས། ཝ་མོ་ཞིག་དེ་གར་ཡོང་ནས་ང་ཚོས་སྟེར་བའི་རྔན་པ་བཟས་སོང”ཞེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་སྐྲུན་ཀུང་སིའི་ཆེད་འགན་འཁུར་མཁན་ཏུང་ཅན་མིང་གིས་བརྗོད།
མཚོ་བོད་ས་མཐོའི་དྲ་སྦྲེལ་གློག་དྲར་ཞིབ་བཤེར་ཉམས་བཟོ་ཡག་པོ་ཐུབ་པས། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་གློག་ཤུགས་ནུས་རྒྱུ་བློས་འགེལ་ལ་བརྟན་པོའི་ངང་གཏོང་བའི་འགན་ལེན་ནུས་ལྡན་ཐུབ་ནས་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་ཡོང་ཆེད་སྒུལ་ཤུགས་བསྣན་ཡོད་པ་རེད།