དབུ་ཤོག>ཆེད་སྒྲིག
  • འབད་འབུངས་ཡར་བརྩོན་གྱིས་རྣམ་པ་གསར་པ་བཏོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-06-03

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་ཐེངས་མང་གནང་ནས“དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། མི་སེར་ཕྱུག་པོར་འགྱུར་བ། ཁོར་ཡུག་མཛེས་པ། སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མཐོ་བ”བཅས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་མ་ཟད། “སྒྱུར་བཅོས་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་འདོན་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་མིག་དཔེ་བཟང་པོ་གཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ”བཅས་ཀྱི་འགན་འཁྲི་ལྕི་པོ་དཀྲིས་གནང་བ་རེད།

    “འཛམ་གླིང་གི་མཐོ་ས་བཟུང་བ་དང་ལག་རྩལ་སྤྱོད་དབང་སྟངས་འཛིན་ཧུར་ཐག་བྱེད་དགོས”

    2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། རྟོག་ཞིབ་གནང་ཡུལ་དང་པོ་ནི་ཞུས་ཀུང་ཚོགས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུང་སིས་རང་བརྟེན་ཞིབ་སྤེལ་བྱས་པའི་XCA220རྟཌ་ཅན་གྱི་ལྗིད་འདེགས་འཕྲུལ་འཁོར་གྱི་ཁ་ལོ་བའི་སྡོད་སར་འཛེགས་ནས་ལག་རྩལ་མི་སྣར་ལག་རྩལ་གསར་གཏོད་ཀྱི་གནས་ཚུལ་དང་བཀོལ་སྤྱོད་བརྒྱུད་རིམ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ“གསར་གཏོད་ནི་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་འབྱུང་ཁུངས་ཡིན། ལྟེ་བའི་ལག་རྩལ་མང་པོ་ཞིག་ནི་ཐོབ་མི་ཐུབ་པ་དང་ཉོ་མི་ཐུབ”ཅེས་ནན་བཤད་གནང་བ་རེད།

    རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཏོང་ཆ་མང་དུ་གཏོང་བ་དང་། ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་མཐོ་ས་བཟུང་བ་དང་ལག་རྩལ་སྤྱོད་དབང་སྟངས་འཛིན་ཧུར་ཐག་བྱེད་དགོས” “འཛམ་གླིང་གི་མདུན་གྲལ་ལ་དམིགས་ཏེ་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དང་ཉམས་མྱོང་བཟང་པོ་འཚོལ་ཞིབ་ཧུར་ཐག་བྱེད་དགོས”ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དོན་འཁྱོལ་བྱས་པ་བརྒྱུད་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་ཅང་སུའུ་ཡི་ས་གཞི་ཆེ་མོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད། ལུའུ་ཉིང་ཐོན་ལས་གསར་གཏོད་ཁུལ་གཙོ་གནད་ཐོག་བསྐྲུན་པ་དང་། སུའུ་ཤིས་ཁྲང་བཅས་ཀྱིས་ཐའེ་ཧུའུ་མཚོ་ཁུག་ཚན་རྩལ་གསར་གཏོད་གླིང་མཉམ་སྐྲུན། ལེགས་ཆའི་ཐོན་ལས་འཁོར་འབྲེལ་30ཡི་རྒྱ་སྟོབས་ཆེ་རུ་བཏང་བ། ཚོགས་པ་6རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པའི་ནང་ཚུད་པ་བཅས་ཅང་སུའུ་ཡིས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པ་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། 2021ལོའི་ལོ་མཇུག་བར་ཅང་སུའུ་རུ་མཐོ་གསར་ལག་རྩལ་ཁེ་ལས་རིམ་རྩིས་བྱས་ན་ཁྲི་3.7ལས་བརྒལ་བ་དེ་2012ལོའི་ལྡབ་བདུན་ལྷག་ཙམ་ཡིན་པ་རེད།

    2014ལོའི་ཟླ་12ཚེས་13ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་ཞིང་ཆེན་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ནས་ཞིབ་འཇུག་གསར་སྤེལ་ལས་དོན་གྱི་ངོ་སྤྲོད་གསན་པ་དང་། ཐོན་རྫས་ཀྱི་ནུས་པ་མཁྱེན་རྟོགས། ཐོན་ལས་ཀྱི་མདུན་ལམ་བཀའ་འདྲི་བཅས་གནང་བ་རེད། ཚན་ཞིབ་མི་སྣ་དང་སྤེལ་རེས་གནང་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་དང་དཔལ་འབྱོར་སྦྲེལ་མཐུད་དང་། གསར་གཏོད་ཀྱི་གྲུབ་འབྲས་དང་ཐོན་ལས་སྦྲེལ་མཐུད། གསར་གཏོད་ཀྱི་རྣམ་གྲངས་དང་ཐོན་སྐྱེད་ནུས་ཤུགས་དངོས་སྦྲེལ་མཐུད། ཞིབ་སྤེལ་མི་སྣའི་གསར་གཏོད་ངལ་རྩོལ་དང་དེའི་ཁེ་ཕན་གྱི་ཡོང་འབབ་སྦྲེལ་མཐུད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཀྱི་གྲུབ་འབྲས་ལ་ཕན་འདོགས་དང་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་ལ་ཕན་འདོགས་པའི་ལམ་སྲོལ་གསར་པ་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཅང་སུའུ་ཞིང་ཆེན་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཆིང་གིས“ད་ཆ་ཅང་སུའུ་ཞིང་ཆེན་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་གིས་སྔོན་ཐོན་གྱི་བཟོ་སྐྲུན་དང་རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་སུ་ཆེད་ལས་ཞིབ་འཇུག་སུའོ་68བཙུགས་པ་དང་ཁྲོམ་རར་ལག་རྩལ་གྲུབ་འབྲས་8000ལྷག་ཙམ་གཞན་སྒྱུར་བྱས་ཡོད་ལ། ཚན་རྩལ་རྣམ་པའི་ཁེ་ལས་1150སྐྱོང་གསོ་བྱས་ཡོད”ཅེས་བརྗོད།

    དྲ་སྦྲེལ་འཕྲིན་གཏོང་དང་བདེ་འཇགས་ཀྱི་ཙི་ཅིན་ཧྲན་ཚོད་ལྟ་ཁང་སོགས་ཚན་རིག་ཞིབ་འཇུག་ལྟེ་གནས་མགྱོགས་མྱུར་བསྐྲུན་པ་མ་ཟད། ཞིང་ཆེན་ཚོད་ལྟ་ཁང་གི“ཤེས་ལྡན་མི་སྣའི་ཚན་ཞིབ་དམིགས་བསལ་ཁུལ”གྱི་སྲིད་ཇུས་ཀྱང་བཏོན་ཡོད། 2021ལོར་ཅང་སུའུ་རུ་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་66.1%ཟིན་ཏེ་ས་ཁོངས་ཀྱི་གསར་གཏོད་ནུས་པ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

    “བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”

    ཀྲེན་ཅང་གྲོང་ཁྱེར་ཧྲི་ཡེ་གྲོང་རྡལ་ནི་འབྲི་ཆུའི“གླིང་ཕྲན་ཆུང་ཆུང”ཞིག་རེད། 2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་རྟོག་ཞིབ་གནང་ནས་ས་གནས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་གྲོང་མི་ཧུང་ཅ་ཡུང་གི་ཐབ་ཚང་ལ་གཟིགས་པ་དང་འབྲེལ་ནང་མི་ཚོ་དང་ཁྱིམ་ཚང་གི་གནས་ཚུལ་གླེང་ཞིང་། ཁོང་གིས་ས་གནས་དེ་གའི་ལས་བྱེད་པར“གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་ཟབ་ཏུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བ་བྱེད་དགོས”ཞེས་བཀའ་མངགས་གནང་བ་རེད།

    ཧུང་ཅ་ཡུང་གི་བུ་དང་མནའ་མ་ཕྱིར་ཡོང་འབབ་གསོག་གི་ཡོད་པས་ནང་མི་ཐུག་ཉུང་ཉུང་རེད། ལོ་བདུན་རིང་ཧྲེ་ཡེ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆུ་ཐོག་གྲུ་ཁ་བསྐྲུན་ཁར། ཡུལ་སྐོར་སྤྲོ་གསེང་དང་། ཕན་ཆེའི་ཞིང་ལས། བདེ་ཐང་ལུས་གསོ་སོགས་གཞི་གཅིག་ཅན་གྱི་ལྗང་མདོག་ཐོན་ལས་བཏོད་པས། དེ་སྔའི་སྤྱི་ལེ་ངོས་གྲུ་50ལྷག་ཙམ་དང་མི་འབོར་ཁྲི་1.5ཡང་མ་ཟིན་པའི་གླིང་ཕྲན་ཆུང་ཆུང་དེ་ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གླིང་ཕྲན་དང་རོལ་དབྱངས་གླིང་ཕྲན་དུ་གྱུར་ཡོད། ཧུང་ཅ་ཡུང་གི་བུ་དང་མནའ་མ་ད་ཆ་ཕ་ཡུལ་དུ་ལོག་ཡོད་པ་དང་ས་གནས་དེ་གའི་བཙོག་ཆུའི་མདོང་ལམ་དྲ་བ་ཉམས་བཟོ་ལྟེ་གནས་དང་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ལྟེ་གནས་སུ་ལས་ཀ་བྱེད་ཀྱི་ཡོད། “ནང་མི་མཉམ་འཛོམས་བྱུང་བ་དང་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་ཞིང་སྐྱིད”ཅེས་ཧུང་ཅ་ཡུང་གིས་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས“ཞིང་ལས་དེང་རབས་ཅན་དང་། གྲོང་གསེབ་དར་རྒྱས་སྟོབས་ལྡན། ཞིང་པ་བདེ་སྡོད་ལས་བརྩོན་བཅས་མེད་ན། རྒྱལ་ཁབ་ཀྱི་དེང་རབས་ཅན་ཆ་ཚང་པོ་དང་། ཕྱོགས་ཡོངས། བརྟན་པོ་བཅས་ཡོང་མི་ཐུབ། དར་རྒྱས་ཆེ་བའི་ས་ཁུལ་གྱིས་དེའི་ཐད་ངེས་པར་དུ་སྣེ་ཁྲིད་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    ཅང་སུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་བསྐྱར་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་དོ་མི་སྙོམས་པའི་ཞན་ཆ་གང་མགྱོགས་བསལ་ཡོད། “ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་སྨིན་ཆེ་བ། འཚོ་བ་འབྱོར་ཞིང་ཕྱུག་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་སྡོད་མལ་ལས་འཚམ། ཞིང་པ་འབྱོར་ཞིང་ཕྱུག་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། ཐོན་ལས་བཀོད་པ། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། ངལ་རྩོལ་ལས་ཞུགས། སྤྱི་ཚོགས་དོ་དམ་བཅས་གཞི་གཅིག་ཅན་དྲུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། གྲངས་འཛིན་ཅན་གྱི་ཞིང་ལས“བསྐྱར་སྒྲིག”དང་། གྲོང་གསེབ“བསྐྱར་སྒྲིག” ཞིང་པ་གསོ་སྐྱོང་སོགས་བྱས་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་བཞིན་ཡོད།

    “བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ལམ་བུར་སྐྱོད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ལ་མངགས་བཅོལ་ཟབ་མོ་གནང་བ་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་བཞིན་ཡོད།

    2021ལོར་ཅང་སུའུ་ཡི་ཞིང་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་26791ཟིན་པ་དེ་ལོ་བཅུའི་གོང་ལས་ལྡབ་གཅིག་ལྷག་ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་བསྡུར་གྲངས་2.16:1བར་ཆག་ནས་རྒྱལ་ཡོངས་ཀྱི་ཧེ་བག་ཆུང་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་རེད།

    “ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཚེ། གཞི་ནས་སླད་ཕྱིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་ཐུབ”

    2020ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་ཐུང་ཝུའུ་ཧྲན་ས་ཁུལ་པིན་ཅང་ཡུག་ཁུལ་དུ་རྟོག་ཞིབ་གནང་ཞིང་། “རྫས་འགྱུར་བཟོ་ལས་ཁེ་ལས་སྒོ་བརྒྱབ་ནས་གཞན་དུ་སྤོས་ཡོད་དམ་ཡང་ན་རིམ་སྤོར་བྱས་ཡོད་དམ” “མུ་ཟིའི་ཁ་འགྲེམས་རྟེན་གཞི་དངོས་འབྲེལ་སྒོ་བརྒྱབ་ཡོད་དམ” “ཉ་པ་ཇི་ཙམ་ཕྱིར་འཐེན་བྱས་ཡོད་དམ” “ཉ་པ་མཚོ་ངོགས་སུ་བཀོད་སྒྲིག་ཇི་ལྟར་བྱས་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཕེབས་ཞོར་དུ་བཀའ་འདྲི་ཞིབ་ཚགས་གནང་བ་རེད།

    2013ལོའི་ཟླ་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནའ་བོའི་སྙན་ཚིག་དྲངས་ནས་ཅང་སུའུ་ཡི་མཛེས་སྡུག་རྣམ་པར་བསྔགས་བརྗོད་གནང་བ་དང་འབྲེལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ”གྱི་འདུ་འགོད་ལག་བསྟར་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

    སྤྱི་ལེ་400ལྷག་ཙམ་ཡོད་པའི་འབྲི་ཆུའི་ཅང་སུའུ་དུམ་བུས་ལམ་ཐིག་ཧྲིལ་པོའི་70%ལྷག་ཙམ་ཟིན་པའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་འགན་ཁུར་ཡོད། སྤྱི་ལེ་700ལྷག་ཙམ་གྱི་མིས་བཟོས་གཙང་པོ་ཆེན་པོའི་ཅང་སུའུ་དུམ་བུས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དེ་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་གཞུང་ལམ་8ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་མཚུངས་ཀྱི་ཡོད། གཙང་པོའི་རྒྱུད་དུ་ཐོན་ལས་གཅིག་སྡུད་ཆེ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་མང་བ། མི་འབོར་མང་བ་བཅས་རྐྱེན་གྱིས་བཅོས་སྐྱོང་ཐད་གནོན་ཤུགས་ཆེ་ཙམ་འཕྲད་ཡོད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་ཇི་ལྟར་བྱེད་དགོས་སམ། 2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས“དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། མི་སེར་ཕྱུག་པོར་འགྱུར་བ། ཁོར་ཡུག་མཛེས་པ། སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་མཐོ་བ”བཅས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ནས“ཁོར་ཡུག་མཛེས་སྡུག་ལྡན་པ”དེ་ཅང་སུའུ་གསར་པ་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་མངོན་གསལ་དོད་པོའི་གྲས་སུ་བརྩིས་ཡོད།

    ལོ་དྲུག་གི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཅང་སུའུ་རུ་ཕེབས་ནས་ནན་ཅིང་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས“ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཚེ། གཞི་ནས་སླད་ཕྱིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་ཐུབ”ཅེས་གསུངས་པ་རེད།

    འབྲི་ཆུའི་ཅང་སུའུ་དུམ་བུར་སྐྱེ་ཁམས་འཕེལ་རྒྱས་དང་ཐོན་སྐྱེད་ཕྱིར་འཐེན་དང་། བཅོས་སྐྱོང་བྱེད་པ་དང་སྦགས་བཙོག་ཕྱིར་འཐེན་གྱི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན་རྫས་འགྱུར་བཟོ་ལས་ཁེ་ལས་4400ལྷག་ཙམ་ཉུང་དུ་ཕྱིན་པ་དང་རྫས་འགྱུར་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་ཕྱེད་ཀ་ཙམ་ཆག་ཡོད། རིམ་རྩིས་བྱས་ན་གཙང་འགྲམ་གྱི་ལམ་ཐག་སྤྱི་ལེ་60ལྷག་ཙམ་ཐོན་ཡོད།

    ཅང་སུའུ་ཡིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་མཛེས་སྡུག་གི་རྣམ་པ་རྒྱུན་ཆད་མེད་པར་གཏོད་པ་དང་། མཛེས་སྡུག་གི་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ། མཛེས་སྡུག་ལྡན་པའི་བར་མཐོངས་སྣུར་སྲིང་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཅང་སུའུ་ཡི་རྣམ་པ་འབྲི་ཆུའི་ལྷོ་རྒྱུད་དུ་མངོན་པར་བྱས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།