ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་ནས་ལྷོ་ངོས་སུ་མུ་མཐུད་བསྐྱོད་ཚེ། ས་བབ་མཐོ་ཚད་སྨི་1000ལྷག་ཙམ་དམའ་རུ་ཕྱིན་ནས་ནགས་ཚལ་གྱིས་བསྐོར་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅིག་མིག་ལམ་དུ་འཆར་བ་ནི་ལྷོ་ཁའི་བཅར་འདྲི་ཚོགས་ཆུང་མཚོ་སྣ་རྫོང་དུ་བཅར་འདྲི་བྱེད་སའི་ས་ཚིགས་དང་པོ་སྟེ་སླད་ཤང་རེད།
སླད་ཤང་ནི་མཚོ་སྣ་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། མོན་པ་རིགས་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཡིན་ལ། མཐའ་མཚམས་ཤང་གྲོང་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པ་དང་སྐལ་བཟང་བསྟན་འཛིན་གྱི་གཏམ་རྒྱུད་ཁྱབ་སའི་ས་ཆའང་རེད།
འདི་ལོ་ལོ་52ལ་སླེབས་པའི་སྐལ་བཟང་བསྟན་འཛིན་ནི་མཚོ་སྣ་རྫོང་སླད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཡིན།
སྐལ་བཟང་བསྟན་འཛིན་ལ་གཞན་དང་མི་འདྲ་བའི་ལོ་རྒྱུས་ཤིག་ཡོད་པ་སྟེ། ལོ་13ནས་ཕྱུགས་རྫི་བྱས་ཏེ་མཐའ་མཚམས་སུ་སྐོར་གཡེང་བྱས་པ་དང་།
ལོ་18ལ་སླེབས་སྐབས་སླད་ཤང་ཤན་གྲོང་ཚོའི་གྲོངལྷན་གྱི་ཨུ་ཡོན་ལ་བདམས་པ། ལོ་20ལ་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ། ལོ་32ལ་སླེབས་སྐབས་སླད་ཤང་གིས་མཉམ་འབྲེལ་འགོག་སྲུང་རུ་ཁག་བཙུགས་ནས་སྐལ་བཟང་བསྟན་འཛིན་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་འགོག་སྲུང་བ་ཁག་དང་པོར་གྱུར་པ། ལོ་37ལ་སླེབས་སྐབས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མོན་པའི་ལྷ་མོའི་རྒྱུན་འཛིན་པར་བདམས་པ། ལོ་41ལ་སླེབས་སྐབས་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོའི(གྲོང་ལྷན)ཕུལ་བྱུང་ལས་བྱེད་པ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁག་དང་པོར་བདམས་པ་བརྒྱུད། ཁོང་ཤང་དང་གྲོང་རྡལ་གྱི་གཞུང་ལས་པ་ཞིག་ཏུ་གྱུར་པ་རེད།
ཕ་ཚེ་རིང་བསྟན་འཛིན་གྱིས་སྐལ་བཟང་བསྟན་འཛིན་གྱི་མི་ཚེར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། སྐལ་བཟང་བསྟན་འཛིན་གྱིས“པཱ་ལགས་ཀྱིས་ང་ལ་རྟག་ཏུ་བཅིངས་འགྲོལ་དམག་དང་འབྲེལ་གཏུག་ཐེངས་དང་པོ་བྱུང་བའི་སྐོར་གསུང་གི་ཡོད། དེ་དུས་ཆ་རྒྱུས་གཏན་ནས་མེད་པའི་བཅིངས་འགྲོལ་དམག་གིས་ཁོང་ལ་འབྲུ་རིགས་དང་གྱོན་ཆས་སྤྲད་པ་མ་ཟད། ཁོ་ཚོའི་ས་ནས་བོད་རྙིང་པར་རྩ་བ་ནས་འཐོབ་མ་མྱོང་བའི་བརྩི་འཇོག་ཀྱང་ཐོབ། སྐབས་དེ་དུས་པཱ་ལགས་ལ་ཏང་གི་རྗེས་སུ་འབྲང་བའི་འདུན་པ་དྲག་པོ་སྐྱེས་ཡོད”ཅེས་བཤད།
1962ལོར་རྒྱ་གར་ལ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཤིང་། སྡོང་ཕྲན་མང་པོ་སྐྱེས་པའི་ནགས་རིའི་མདུན་དུ་བཅིངས་འགྲོལ་དམག་ལ་ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་མང་ཚོགས་ཤིག་གིས་སྣེ་ཤན་པ་བྱེད་དགོས་ཀྱི་ཡོད། ཚེ་རིང་བསྟན་འཛིན་གྱིས་ལམ་སེང་ཡར་ལངས་ནས“ང་ས་གནས་འདི་གའི་མི་ཡིན། འདི་གར་རྒྱུས་མངའ་ཆེན་པོ་ཡོད། ངས་སྣེ་ཤན་པ་ཡག་པོ་བྱེད་ཐུབ་པ་འདུག”ཅེས་འདས་དོན་གླེང་སྐབས་ཚེ་རིང་བསྟན་འཛིན་ལ་བག་ཆགས་གསལ་པོ་ཡོད་པ་རེད།
ལས་འགན་ལེགས་གྲུབ་ཟིན་རྗེས། ཚེ་རིང་བསྟན་འཛིན་ཕ་ཡུལ་དུ་ལོག་པ་དང་། དེ་ནས་བཟུང་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བའི་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན། ལོ་13ལ་སླེབས་པ་ནས་བཟུང་། སྐལ་བཟང་བསྟན་འཛིན་གྱིས་པཱ་ལགས་དང་མཉམ་དུ་ཕྱུགས་འཚོས་ཏེ་མཐའ་མཚམས་བསྲུངས། པཱ་ལགས་ཀྱིས་རྒྱུན་དུ་གསུང་བའི་བཀལ་མོལ་ནི་འབྲོག་ར་དང་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་དགོས་ཞེས་པ་དེ་རེད། སྐབས་དེ་དུས་སྐལ་བཟང་བསྟན་འཛིན་ཕྲུ་གུ་ཞིག་ཡིན་མོད། རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་དད་སེམས་བློ་ལ་རྩ་བ་བརྟན་པོར་ཚུགས་ཡོད།
“ལམ་འདིར་སྔོན་ཆད་པཱ་ལགས་ཕེབས་མྱོང་བ་དང་། ད་ཆ་ང་ཚོས་མུ་མཐུད་སྐྱོད་བཞིན་ཡོད”ཅེས་སྐལ་བཟང་བསྟན་འཛིན་གྱིས་དེ་ལྟར་ཁ་བཤད་དོན་ལ་འཁྱོལ་ཞིང་། ཁོང་གིས་ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་རྒྱལ་ཁབ་ཀྱི་ས་ཆ་བརྟན་པོར་བསྲུངས་ནས་ད་བར་ལོ་38ཏག་ཏག་སོང་ཡོད་པ་རེད།
ཐེངས་ཤིག་སྐལ་བཟང་བསྟན་འཛིན་གྱིས་མཐའ་སྲུང་དཔུང་སྡེ་དང་མཉམ་དུ་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་སྐྱོད་སྐབས། སྔོན་ཆད་ཀྱི་ཉམས་མྱོང་ལྟར་ན། ད་རེས་ཉིན་གཅིག་ལ་ཉིན་ལོག་རྒྱག་པར་གནད་འགག་མེད་པས། ཐོ་རེངས་སུ་ལམ་རྒྱགས་སྟབས་བདེ་ཙམ་ཁྱེར་ནས་རྡོག་ཐོན་བྱས། སྔ་དྲོའི་འགྲུལ་བཞུད་བདེ་བླག་ཡིན་པ་དང་ཁོ་ཚོ་ཡང་དུས་བཀག་ལྟར་དམིགས་སར་འབྱོར་ནས་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་བ་རེད། འོན་ཀྱང་ཕྱིར་ལོག་པའི་ལམ་བར་དུ་ཆར་པ་ཆེན་པོ་བབས། ཆར་པ་བབས་རྗེས་ཀྱི་ལམ་བུ་འདམ་རྫབ་ཀྱིས་ཁེངས་ནས་སྐྱོད་དཀའ་བ་དང་མུན་པ་ཡང་མགྱོགས་པོ་རུབ། ཁོ་ཚོས་མུན་ནག་ཏུ་སྤྱི་ལེ་2ཙམ་སོང་མཐར་ལམ་ནོར་ཐེབས་པ་མ་ཟད། ཚང་མའི་གྱོན་གོས་ཀྱང་རྦད་དེ་རློན་པ་ཆགས་པའི་ཁར་མཚན་མོ་གནམ་གཤིས་གྲང་དུ་ཕྱིན་པས་ཚང་མ་འཁྱགས་འདར་ཤོར་ཞིང་བཀྲེས་ལྟོགས་ཀྱིས་མནར།
སྐལ་བཟང་བསྟན་འཛིན་གྱིས་ཉམས་མྱོང་ལ་བརྟེན་ནས་ཡུན་རིང་འཚོལ་ཞིབ་བྱས་པ་བརྒྱུད། ཚང་མའི་སྣེ་ཁྲིད་དེ་ཆར་གཡོལ་བྱ་ཆོག་པའི་སྟབས་བདེའི་ཁང་པ་ཞིག་བཙལ། འོན་ཀྱང་མལ་ཆས་མེད་པར་བརྟེན་མི་ཉི་ཤུ་ལྷག་ཙམ་གཅིག་ལ་གཅིག་རྟེན་གྱིས་དྲོད་ཁུག་ཐབས་ཀྱིས་མཚན་མོ་དེ་འཁྱོལ་བར་བྱས།
མཐའ་མཚམས་སྐོར་གཡེང་དང་མཐའ་མཚམས་སྲུང་བའི་ལམ་བུ་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། རྟག་ཏུ་སྒལ་པར་ལམ་རྒྱགས་དང་མལ་ཆས་ཁྱེར་ཏེ་རྐང་ཐང་མར་ཡུན་རིང་སྐྱོད་དགོས་ཀྱི་ཡོད་ལ། མཐའ་མཚམས་སྲུང་བའི་ལམ་ཡང་གཏན་འཁེལ་མེད་པས། དུས་དང་རྣམ་པ་ཀུན་ཏུ་གཅན་གཟན་གྱི་འཇིགས་པ་འཕྲད་སྲིད། ད་དུང་ཆུས་ཁྱེར་བའི་ལམ་དང་སྐེད་པ་ཙམ་དུ་སླེབས་པའི་གངས་གསོག་ཐེབས་པའི་ལམ་བརྒལ་དགོས་པ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད།
དེ་ལྟར་དཀའ་ཚེགས་ཆེན་པོ་ཡོད་ནའང་། སྐལ་བཟང་བསྟན་འཛིན་གྱིས་མཐའ་མཚམས་ལ་སྐོར་གཡེང་དང་མཐའ་མཚམས་སྲུང་བའི་བསམ་བློ་བློས་གཏན་ནས་གཏོང་མྱོང་མེད། གང་ལགས་ཤེ་ན་འདི་ནི་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་། ལས་བྱེད་པའི་འགན་འཁྲི། མཐའ་མཚམས་མི་སེར་གྱི་འགན་འཁྲི་བཅས་ཡིན་པས་རེད། ད་ཆ་སྐལ་བཟང་བསྟན་འཛིན་ལོ་ན་རྒས་ཀྱང་། སྔར་བཞིན་ལོ་ལྟར་རྐང་ཐང་མར་མཐའ་མཚམས་སུ་སྤྱི་ལེ་600ཙམ་དང་ཐེངས་200ཡན་བསྐྱོད་དེ་སྐོར་ཞིབ་མཐའ་འཁྱོངས་བྱེད་ཀྱི་ཡོད། བུ་མོ་ཚེ་རིང་དབང་མོ་ཡང་ཏང་ལ་ཞུགས་ནས་མཐའ་མཚམས་སྐོར་གཡེང་དང་མཐའ་མཚམས་སྲུང་བའི་དཔུང་ཁག་ལ་ཞུགས་ཡོད། མཐའ་མཚམས་སྐོར་གཡེང་དང་མཐའ་མཚམས་སྲུང་བའི་ལམ་བུར་ཁོ་ཚོ་མི་རབས་ནས་མི་རབས་བར་བསྐྱོད་དང་སྐྱོད་མུས་རེད།