རི་ཀླུང་སྔོ་ལྗང་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས་འབྲུ་རིགས་བདེ་འཇགས་དང་། སྐྱེ་ཁམས་སྲུང་སྐྱོང་། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སོགས་ལ་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཅི་ལིན་གྱི་ས་གཞི་ཆེན་པོ་འཕེལ་རྒྱས་འགྲོ་ཆེད་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་ཅི་ལིན་འདི་ཉིད་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་གང་ལེགས་མངོན་པ་བཅས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཚད་བརྒལ་གསར་པ་ཡོང་བར་བྱས་ཡོད།
“ཅི་ལིན་གྱི་མ་རྨོས་ལོ་ཏོག་སྲུང་སྐྱོང་ཡག་པོ་བྱེད་དགོས”
2020ལོའི་ཟླ་7ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་དུ་རྟོག་ཞིབ་གནང་ཞིང་། ལི་ཧྲུའུ་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཀུའེ་མན་གྱིས་ཉིན་དེར་ཚ་བ་ཆེ་བ་དང་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་ཚ་སུབ་ཆེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མ་རྨོས་ལོ་ཏོག་གི་རྨོ་ཞིང་དུ་ཕེབས་ནས་རྨོ་ཞིང་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་དང་མ་རྨོས་ལོ་ཏོག་གི་སྐྱེ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བའི་གནས་ཚུལ་སེམས་ལ་གཏིང་ཟབ་ངེས་ནས་ཡོད།
“ལས་ཀ་འདི་ཧ་ཅང་གལ་ཆེན་པོ་རེད”ལི་ཧྲུའུ་རྫོང་གི་ཞིང་ནང་སྲུང་སྐྱོང་བྱེད་ཐབས་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོན་མཐོ་ཐོན་ལེགས་ཡོང་བ་བྱེད་པ་དང་ཆབས་ཅིག་རྨོ་ཞིང་གི་ས་རྒྱུ་ཤོར་བའི་གནད་དོན་ཐད། ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་མ་རྨོས་ལོ་ཏོག་སྲུང་སྐྱོང་ཡག་པོ་བྱས་ནས་ཕ་ཚ་བུ་རྒྱུད་ལ་ཕན་འདོགས་པ་བྱེད་དགོས”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གཞིར་བཟུང་། ཅི་ལིན་གྱིས་མ་རྨོས་ལོ་ཏོག་སྲུང་སྐྱོང་ཡག་པོ་བྱེད་ཆེད་ནུས་ཤུགས་ཡོད་རྒུས་རྨོ་ཞིང་སྲུང་སྐྱོང་འདུ་འགོད་ལག་བསྟར་དང་རྨོ་ཞིང་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་པ་མ་ཟད། ད་དུང་ཀྲུང་གོ་ཚན་རིག་ཁང་དང་མཉམ་དུ“ས་ནག་འབྲུ་མཛོད”ཀྱི་ཚན་རྩལ་མཉམ་འཐབ་བྱས་ཁར། འཕྲུལ་ཆས་ཅན་ལ་བརྟེན་ནས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལག་རྩལ་གཙོ་བོར་བྱས་པའི་ལི་ཧྲུའུ་རྫོང་གི་བྱེད་ཐབས་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་བས། 2019ལོ་ཚུན་རྨོ་འདེབས་སྲུང་སྐྱོང་རྒྱ་ཁྱོན་ལོ་རེར་མུའུ་ཁྲི་1000ཡན་གསར་འཕར་བྱུང་ཡོད།
ཅི་ལིན་དུ་རྟོག་ཞིབ་གནང་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་སྐོར་བཀའ་འདྲི་ཞིབ་ཕྲ་གནང་གི་ཡོད། 2015ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། ཧོ་ལུང་གྲོང་ཁྱེར་ཏུང་ཁྲེང་གྲོང་རྡལ་ཀོང་ཏུང་གྲོང་ཚོའི་ཞིང་ནང་དུ་ཕེབས་ནས་ཆུ་འབྲས་སྐྱེ་ཚུལ་ལ་གཟིགས་བཞིན“འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད”“ང་ཚོ་རང་ཉིད་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
“ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འགག་རྩ་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་དུ་འགྱུར་བ་བྱེད་དགོས་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དོན་འཁྱོལ་བྱེད་ཆེད། ཅི་ལིན་གྱིས་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་སྐྱེ་དངོས་གཙོ་བོར་ས་དཔྱད་ལུད་སྦྱོར་དང་། ལྗང་མདོག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས། གནམ་གྲུར་བརྟེན་ནས་གནོད་འབུ་འགོག་པའི་ལས་དོན་བཅས་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ། ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་ཕུལ་ཚད་60%ལས་བརྒལ་བ་དང་ཞིང་ལས་སྐྱེ་དངོས་འདེབས་བསྡུའི་ཐད་འཕྲུལ་ཆས་ཅན་དུ་འགྱུར་ཚད་91%ལས་བརྒལ་ཡོད།
ན་ནིང་ཅི་ལིན་གྱི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་800ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཞིང་། འདི་ལོའི་ཟླ་གསུམ་པ་དང་བཞི་པར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་ཆེད། ཅི་ལིན་གྱིས་ཕྱོགས་གཅིག་ནས་རིམས་འགོག་ལ་དམ་འཛིན་དང་། གཅིག་ཤོས་ནས་རྨོ་གྲབས་ལས་དོན་ལ་དམ་འཛིན་བྱས་ཡོད། མིག་སྔར་མ་རྨོས་ལོ་ཏོག་དང་སྲན་ཆེན་བཏབ་ཟིན་པ་དང་ཆུ་འབྲས་ཀྱི་ལྗང་པ་འཛུགས་པའི་ལས་ཀ་ཡང་མཇུག་འགྲིལ་ཉེའི་མཚམས་སུ་སླེབས་ནས་ལོ་ཏོག་འདེབས་འཛུགས་བྱེད་ཚད་བཅུ་ཆ་དགུ་ལས་བརྒལ་ཡོད་པ་རེད།
“ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས”
2018ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲ་ཀན་མཚེའུ་རུ་གྲུ་ལ་བཞུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། དེ་གར་ཉ་འཛིན་བཞིན་པའི་ཉ་རའི་ལས་བཟོ་དང་སྤེལ་རེས་གནང་བ་དང་འབྲེལ། མཚེའུ་ཡི་ངོགས་སུ་རྐང་ཐང་མར་ཕེབས་ནས་མཚེའུ་ཡི་གནས་ཚུལ་དང་སྲོག་ཆགས་འཚོ་གནས་དང་སྐྱེ་དངོས་ཀྱི་གནས་ཚུལ་ལ་གཟིགས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་དང་གླེང་མོལ་བྱེད་མྱོང་བའི་ལོ་60ལ་སླེབས་པའི་ཀྲང་ཝུན་གྱིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན་དགའ་སྤྲོའི་ངང“སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་གནང་བ་ཚང་མ་ང་ཚོའི་འཚོ་བ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ཙང་། ངས་ཀྱང་ཀ་རེ་ཀོ་རེ་མེད་པར་ལན་བཏབ་ཐུབ་བྱུང་། ཁོང་གིས་ང་ཚོར་གསེར་གྱི་མིང་བྱང་ལྟ་བུའི་ཁྲ་ཀན་མཚེའུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བྱུང”ཞེས་བརྗོད།
ཉེ་བའི་ལོ་ཤས་རིང་། ས་གནས་དེས་བརྒྱུད་རིམ་ལྡན་པའི་འདུ་འགོད་དང་སྤྱི་ཡོངས་ཀྱི་ཟུར་ཚད་ཐོག་ནས་ཁྲ་ཀན་མཚེའུ་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་ཤར་རྒྱུད་ནས་ཆུ་འདྲེན་པ་དང་། ནུབ་རྒྱུད་དུ་ཞིང་ནང་འབྲུབ་འགོག་ཆུ་རགས་ཉམས་གསོ། བྱང་རྒྱུད་དུ་འདམ་ར་སླར་གསོ་བཅས་བྱས་ཡོད། ཀྲང་ཝུན་གྱིས“ལོ་དེ་དག་ནང་ཁྲ་ཀན་མཚེའུ་ཡི་ཆུ་དེ་བས་དྭངས་བར་འགྱུར་བ་དང་། ཉ་དེ་བས་རྒྱགས་སུ་ཕྱིན་པ། མི་དེ་བས་ཕྱུག་ཏུ་ཕྱིན་ཡོད”ཅེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་ཆེའི་ཐོན་ཁུངས་ཡིན་ལ། བྱང་ཤར་དར་རྒྱས་ཀྱི་ལེགས་ཆའང་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
2015ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། བྱང་ཤར་གྱི་སྟག་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་གནས་ཚུལ་ལ་ཆེད་མངགས་བཀའ་འདྲི་གནང་བ་མ་ཟད། འཐུས་མི་ཚོ་དང་ཁྲང་པའེ་ཧྲན་རི་བོའི་སྐྱེ་ཁམས་སྲུང་སྐྱོང་གནད་དོན་ཐད་སྤེལ་རེས་གནང་བ་དང་ཆབས་ཅིག་ཁོང་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཟིན་བྲིས་བསྐྱོན་པ་རེད།
2015ལོའི་ཟླ་7པར་ཅི་ལིན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱེད་པ། དག་གཙང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ལྗང་མདོག་སྔོ་ཁེབས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དོན་འཁྱོལ་བྱེད་ཆེད། ཅི་ལིན་གྱིས་སྐྱེ་ཁམས་སྟོབས་ཆེའི་ཞིང་ཆེན་གང་མགྱོགས་བསྐྲུན་པ་དང་། མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་སྤུས་ཚད་སྲ་བརྟན་དང་ལེགས་གཏོང་གི་བྱ་སྤྱོད་སྤེལ་བ། སོག་མ་མེར་བསྲེགས་འགོག་པ། ཁྲང་པའེ་ཧྲན་རི་ཁུལ་གྱི་རི་ཆུ་དང་། ནགས་ཚལ། ཞིང་ལས། མཚེའུ། རྩྭ་ཐང་བཅས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རྒྱལ་ཁབ་ཀྱི་ཚོད་ལྟའི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར། “ལོ་བཅུའི་ནང་སྔོ་ལྗང་ཅི་ལིན་བསྐྲུན་པའི”བྱ་སྤྱོད་དང་། ལེ་དབར་ཁྲི་ཡི་དྭངས་གཙང་ཆུ་བོའི་བར་ཁྱམས་འཛུགས་སྐྲུན། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་སྐྱེ་ཁམས་འབྲེལ་མཐུད་སོགས་སྐྱེ་ཁམས་འདུ་འགོད་གལ་ཆེན་ལག་བསྟར་བཅས་བྱས་པ་མ་ཟད། ད་དུང“ཅི་ལིན་གྱི་སྐྱེ་ཁམས་ཉིན་མོ”ཡང་གཏན་འཁེལ་བྱས་པ་རེད།
2021ལོའི་ཟླ་10ཚེས་12ཉིན་བྱང་ཤར་གྱི་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ཅི་ལིན་གྱི་སྐྱེ་ཁམས་ཀྱི་མཚོན་རྟགས་གསར་པར་གྱུར་ཡོད། “གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག”སོགས་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱས་པས་བྱང་ཤར་གྱི་སྟག་གཟིག་གྲངས་འབོར་2017ལོའི་27དང་42ནས་མིག་སྔའི་50དང་60བར་མང་དུ་ཕྱིན་ཡོད་པ་རེད།
“དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས”
2015ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་ཁྲེ་ཀུང་སི་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ཤུགས་འགྲེམས་མེ་འཁོར་གྱི་སྒྲིག་སྦྱོར་ཐོན་སྐྱེད་འཁོར་ཁང་ལ་གཟིགས་ཞིབ་གནང་བ་དང་འབྲེལ། སྒྲིག་སྦྱོར་བྱས་པའི་ཤུགས་འགྲེམས་མེ་འཁོར་དུ་འཛེགས་ནས་ནུས་པ་དང་། སྒྲིག་བཀོད། བཀོལ་སྤྱོད་བཅས་ཀྱི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་སྐུལ་ལྕག་གནང་བ་མ་ཟད། མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་ཡང་འབད་བསྐྱར་འབད་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མུ་མཐུད་སྣེ་ཁྲིད་དང་ཡང་རྩེར་འཛེགས་ཕོད་པ་བྱས་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཧྲིལ་པོའི་ཁྲོད་འགྲན་སློབ་བསྙེགས་བརྒལ་གྱི་རྣམ་པ་ཆགས་རྒྱུར་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཐོན་ལས་གལ་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་གཏོང་ཤུགས་དང་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛམ་གླིང་གི་མཐོ་ས་བཟུང་བ་དང་ལག་རྩལ་སྤྱོད་དབང་སྟངས་འཛིན་ཧུར་ཐག་བྱེད་དགོས”“དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཅི་ལིན་གྱིས་གཡུར་ཟའི་གྲུབ་འབྲས་རྒྱུན་ཆད་མེད་པར་བཏོད་ཅིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་ཀྲུང་ཁྲེ་ཀུང་སི་ཁྲང་ཁྲུན་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་གྱིས་འགྲན་ཁུལ་ཆེན་པོ་གསུམ་འབྲེལ་མཐུད་ཀྱི་ལས་འགན་ལེགས་གྲུབ་བྱས་པར་གདེང་འཇོག་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་རླངས་འཁོར་བཟོ་གྲྭ་དང་པོ་ཚད་ཡོད་ཀུང་སིའི་གཤམ་འོག་གི་མི་རིགས་སྤུས་རྟགས་ཀྱི་དར་དམར་རླངས་འཁོར་ན་ནིང་ཕྱིར་ཚོང་བྱེད་ཚད་ཁྲི་30ལས་བརྒལ་བ་དང་ལོ་4ཡི་ནང་ལྡབ་60ལྷག་ཙམ་འཕར་ཡོད།
ན་ནིང་ཅི་ལིན་ཞིང་ཆེན་གྱི་གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་ཅིང་། འདི་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་11པ་དང་བྱང་ཤར་ས་ཁུལ་དུ་ཆོག་མཆན་ཐོབ་ཐེངས་དང་པོ་ཡིན་པ་རེད།
འདི་ལོའི་ཟླ་5ཚེས་5ཉིན“ཅི་ལིན་ཨང་དང་པོ་རྟགས་ཅན”གྱི་སྲུང་སྐར་སླར་ཡང་འཕངས་ཤིང་། ད་ཆ་འཁོར་ལམ་སྲུང་སྐར་དུ“ཅི་ལིན་ཨང་དང་པོ་རྟགས་ཅན”གྱི་སྐར་ཚོམ་54ཟིན་པ་དང་མིག་སྔར་རང་རྒྱལ་གྱི་ཚོང་ལས་རྒྱང་ཚོར་སྲུང་སྐར་གྱི་སྐར་ཚོམ་ཆེ་ཤོས་བསྐྲུན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་ཅི་ལིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ནུས་རྒྱུ་གསར་པ་དང་། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ། ཞིང་ལས་གསར་པ། ཡུལ་སྐོར་གསར་པ། དྲ་ཐོག་ཚོང་ཁང་གསར་པ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་མངོན་འགྱུར་དང་བྱས་རྗེས་གསར་པ་འཇོག་བཞིན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་འབྱོར་བའི་གློག་འཕྲིན)