དབུ་ཤོག>ཆེད་སྒྲིག
  • མཐའ་མཚམས་རི་གྲོང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-31

    ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་བ་གྲོང་གསར་ནི་རི་བོ་ཧི་མ་ལ་ཡའི་འདབས་ཀྱི་དབེན་འཇམ་ལྷིང་འཇགས་ཀྱི་རྩ་རི་ལུང་ཤུར་དུ་གནས་ཡོད།

    ལྷོ་བ་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་གྲོང་མིའི་སྡོད་ཁང་དེ་དག་ཡངས་ཤིང་རྒྱ་ཆེ་བའི་གྲོང་ཚོའི་ལམ་གྱི་གཡས་གཡོན་དུ་ཆགས་ཡོད་པ་དང་། ཁང་པའི་རྒྱབ་མདུན་གཙང་སྦྲ་དོད་ལ་ཆུ་ཕྲན་དལ་བུར་རྒྱུག་པ་དང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པས་གྲོང་ཚོའི་གང་ས་གང་ནས་དར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་བཞིན་མཆིས།

    ལྷོ་བ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གིས“འདི་གར་ས་བབ་དམའ་བ་དང་གནམ་གཤིས་བཞའ་ཚན་ཆེ་བའི་ཁར་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། 2021ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25804ཟིན་ཡོད”ཅེས་གསར་འགོད་པར་བཤད།

    རྩ་རི་ཤང་ནི་གནའ་སྔ་མོ་ནས་མཛེས་ཤིང་ཡིད་དུ་འོང་བའི་ས་ཆ་ཞིག་རེད། ན་ནིང་ཤང་དེ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་60བྱུང་ཡོད། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད། རྩ་རི་ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་མང་ཚོགས་དུད་ཚང་རེར་རོགས་སྐྱོར་མ་དངུལ་སྒོར་ཁྲི་5རག་ཐབས་བྱས་ཡོད།

    ཡུལ་སྐོར་འཕེལ་རྒྱས་གཏོང་བ་ཕུད་ད་དུང་ལྷོ་བ་གྲོང་ཚོ་དེས་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ལྷོ་བ་གྲོང་གསར་གྱི་རི་མཐོའི་ཇ་ཤིང་ར་བར་སྐྱོད་སྐབས་མ་གཞི་ཆར་པ་སིམ་སིམ་བབས་བཞིན་ཡོད་མོད། འོན་ཀྱང་ཉི་མ་བསྟན་འཛིན་སྔར་བཞིན་རྩྭ་ངན་བཀོག་བཞིན་འདུག ཉི་མ་བསྟན་འཛིན་གྱིས་གཉེར་སྐྱོང་བྱེད་པའི་ཇ་ཤིང་ར་བ་དེ་ནི་2016ལོར་མ་དངུལ་སྒོར་ཁྲི་192བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་། དེའི་ནང་ནས་25%སྲིད་གཞུང་གིས་མ་དངུལ་བཏང་བ་དང་75%སྐྱེད་གསབ་དངུལ་བུན་གཡར་བ་ཞིག་རེད། འདི་ལོའི་ལོ་འགོར་ཇ་ཤིང་ར་བར་གངས་སྐྱོན་བྱུང་ནས་སྲིད་གཞུང་གིས་སླར་ཡང་མ་དངུལ་སྒོར་ཁྲི་6བཏང་ཁར་ཁོང་ལ་ཉམས་བཟོ་བྱེད་རོགས་བྱས་པ་མ་ཟད། ཤང་གིས་ད་དུང་ཧུའུ་ནན་ཁྲང་ཏེའི་རིགས་གཅིག་མཁས་ཅན་དང་མཐུན་སྦྱོར་བྱས་ནས་ལག་རྩལ་ལ་མཛུབ་ཁྲིད་ཀྱང་བྱས་པ་རེད།

    ཀོ་ཤ་འདེབས་པ་དེའང་ལྷོ་བ་གྲོང་གསར་གྱི་འབབ་འཕར་ཕྱུག་འགྱུར་གྱི་ཁྱད་ལྡན་ཐོན་ལས་ཤིག་རེད། ལྷོ་བ་གྲོང་གསར་གྱི་ཀོ་ཤ་འདེབས་འཛུགས་ཀྱི་དྲོད་ཁང་ཆེ་མོར་འཛུལ་སྐབས། སྐྱེ་འཚར་བཟང་བའི་ཀོ་ཤའི་སྡོང་རྐང་མང་པོ་མིག་ལམ་དུ་མངོན་ཞིང་། ལོ་27ལ་སླེབས་པའི་གྲོང་མི་ཚེ་རིང་རྡོ་རྗེ་ལས་ལ་བྲེལ་བཞིན་འདུག ཚེ་རིང་རྡོ་རྗེ་ནི་དམག་ཞབས་ཐིམ་པའི་དམག་མི་ཞིག་ཡིན་པ་དང་། དེ་སྔོན་ཁོང་གིས་གསོ་ཚགས་ར་བ་གཉེར་བ་དང་རྗེས་སུ་གྲོང་ཚོའི་ནང་གི་དྲོད་ཁང་ཆེ་མོ་གཉིས་འགན་གཙང་བླངས་ནས་ཀོ་ཤ་བཏབ་པ་རེད། ཁོང་གིས་ཚོད་འདེབས་ལེགས་གྲུབ་བྱུང་བའི་ཀོ་ཤར་མཛུབ་མོ་འཛུགས་བཞིན“རྒྱ་མ་གང་ལ་སྒོར་1200ཙམ་རག་གི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད་བྱུང་།

    རྩ་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཀྲི་ཕིང་གིས། རྩ་རི་ཤང་གིས་ད་ཡོད་ཀྱི་བོད་རག་ལས་སྣོན་བཟོ་གྲྭ་དང་། རི་མཐོའི་ཇ་ཤིང་ར་བ། ལྷོ་བ་གྲོང་གསར་གྱི་སྨྱུག་བསླས་ལས་སྣོན་བཟོ་གྲྭ་བཅས་རྣམ་གྲངས་ཀྱི་སྤུས་ཚད་ལེགས་གཏོང་དང་། ཕན་འབྲས་ཆེར་གཏོང་། རིམ་པ་སྤོར་བ་བཅས་བྱེད་པ་མ་ཟད། ད་དུང་འབྲེལ་ཡོད་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས“གཤམ་དུ་གསོ་སྦྱོང”བྱས་ཏེ་ཞིང་འབྲོག་པ་ཏང་ཡོན་དང་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཀྱི་ཡིན་ཞེས་བཤད།

    ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག ལྷོ་བ་གྲོང་གསར་གྱི་གྲོང་མི་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པའི་ཁར། ཟས་གོས་འགྲོ་འདུག་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཞིང་། གྲོང་ཚོའི་ནང་དུ་སྐྱོད་སྐབས་གྲོང་མི་ཚོའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་གྱིན་འདུག

    “གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་གྱི་སྣ་ཁ་འཛོམས་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལོ་69ལ་སླེབས་པའི་གྲོང་མི་ཚེ་རིང་སྒྲོལ་མས་བཤད། ཚེ་རིང་སྒྲོལ་མ་ནི་སྨྱུག་བསླས་ལ་མཁས་པས་གྲོང་ཚོའི་ནང་སྐད་གྲགས་ཆོད་ཡོད། ཁོང་གིས་ཉིན་གཅིག་ལ་སྨྱུག་སླེལ་10སླེ་ཐུབ་པ་དང་སླེལ་པོ་རེར་སྒོར་80རག་གི་ཡོད། ཁོང་གིས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་རྒྱུན་དུ་ཤོད་པའི་སྐད་ཆ་ནི“བདེ་སྐྱིད་ཆེ་ཤོས་ནི་འདི་ལྟར་རེད”ཅེས་པ་དེ་རེད།

    ལྷོ་བ་གྲོང་ཚོའི་གྲོང་མི་ཚེ་རིང་མཁའ་འགྲོས་གཉེར་སྐྱོང་བྱེད་པའི་གནམ་བཙན་སྐལ་བཟང་གླིང་ཟ་ཁང་དེ་གྲོང་ཚོའི་མ་ལམ་འགྲམ་དུ་གནས་པ་དང་ཚོང་ཡང་ཧ་ཅང་ཡག་པོ་ཡོད། ཁོང་གིས་གསར་འགོད་པར། ཟ་ཁང་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་རིང་ཚོང་སྡུག་སྐབས་སུའང་ཉིན་གཅིག་ལ་སྒོར་500ལྷག་ཙམ་ཡོང་གི་འདུག བོད་ཐུག་དང་ཇ་མངར་མོ་ཕུད་སྒོར་15བྱས་པའི་ཞོག་ཁོག་ཤ་སིལ་བཀབ་འབྲས་ལ་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད་བྱུང་། གལ་ཏེ་སྔོན་མངགས་བྱེད་མཁན་ཡོད་ཚེ་ཁོང་གིས་ད་དུང་སྒོར་100བྱས་པའི་བྱ་ཤ་བཟོ་སྐམ་ཁོག་ཐུབ་ཀྱི་ཡོད།

    འཕྲོད་བསྟེན་ཁང་དང་གསོལ་མགྲོན་ཁང་ཕུད་ད་དུང་གྲོང་ཚོར་ཐང་ཆེན་དང་། བུ་བཅོལ་ཁང་། ཉེན་རྟོག་ལས་དོན་ཁང་། སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ཁང་། ཇ་ཁང་། གྱོན་ཆས་ཚོང་ཁང་སོགས་བསྐྲུན་ཡོད།

    རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ལྷོ་བ་གྲོང་གསར་གྱི་གྲོང་མིའི་བསམ་པའི་རིག་གནས་འཚོ་བའང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། གྲོང་མི་བསོད་ནམས་མཚམས་གཅོད་དང་གྲོགས་པོ་ཚོ་གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་ཐང་ཆེན་དུ་སྒོར་གཞས་འཁྲབ་པར་འགྲོ་གི་ཡོད། ཁོང་གིས“ང་ཚོ་ཉིན་ལྟར་གྲོང་ཚོར་འཛོམས་ནས་སྒོར་གཞས་འཁྲབ་ཀྱི་ཡོད། ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར་བ་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།