ང་ཡི་ཕ་ཡུལ། མཛེས་སྡུག་ལྡན་པའི་རྩྭ་ཐང་།
མེས་རྒྱལ་བྱང་རྒྱུད་བརྟན་པོར་བསྲུངས། ཅང་ཤེས་རྟ་ཕོས་བང་རྩལ་ངོམས། མཛེས་སྡུག་ལྡན་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་སོག་རང་སྐྱོང་ལྗོངས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་འཆང་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་སྔ་རྗེས་སུ་ནང་སོག་ལ་རྟོག་ཞིབ་ཐེངས་གཉིས་གནང་བ་དང་ལོ་ལྔ་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་ནང་སོག་གི་འཕེལ་རྒྱས་ལ་འཆར་གཞི་བཀོད་གནང་བ་མ་ཟད། ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད། ནང་སོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དོན་འཁྱོལ་བྱས་ནས་གསར་འབྱེད་ཡར་བརྩོན་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
སེའུ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ།
2014ལོའི་གྲང་ངར་ཆེ་བའི་དགུན་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ཤིས་ལིན་ཧའོ་ཐེའི་འབྲོག་པ་དང་མཉམ་དུ་རྟ་རྒྱུག་ལ་གཟིགས་པ་དང་། རོལ་དབྱངས་ལ་གསན་པ། གླུ་གར་ལ་གཟིགས་པ་བཅས་གནང་། སྲོལ་རྒྱུན་གྱི་དུས་ཆེན“ལོ་ཕྱུག་ལེགས་སྨོན”གྱི་མཛད་སྒོར་ཁོང་གིས་འོ་མ་ཕུད་སྟོར་ལན་གསུམ་གནང་ནས་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་པ། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བའི་སྨོན་འདུན་ཞུས། འབྲོག་པ་པཱ་ཡཱ་སི་ཀུ་ལང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་རིམ་བཞིན་དགའ་སྤྲོའི་ངང“སྤྱི་ཁྱབ་ཧྲུའུ་ཅི་ང་ཚོ་མི་རིགས་ཁག་གི་མང་ཚོགས་དང་ཐུགས་སེམས་གཅིག་ཏུ་འབྲེལ་ཡོད”ཅེས་བཤད།
ལོ་5ཡི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ནང་སོག་ཏུ་རྟོག་ཞིབ་གནང་། 2019ལོའི་ཟླ་7ཚེས་15ཉིན། ཁྲེ་ཕུང་གྲོང་ཁྱེར་སུང་ཧྲན་ཆུས་ཤིང་ཨན་ཁྲོམ་གཞུང་ལིན་ཧོང་ཁྱིམ་གཞིས་སྡེ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་དང་མཁོ་ཆས་ཀྱི་འགྲེམས་སྟོན་ལ་གཟིགས་པ་དང་འབྲེལ། སྡེ་ཁུལ་གྲོང་མིའི་མི་རིགས་གླུ་གར་གྱི་འཁྲབ་སྟོན་ལ་ཡང་གཟིགས། སྡེ་ཁུལ་དུ་སྡོད་མཁན་གྲོང་མི་ཁྲི་གཅིག་ལྷག་ཙམ་ཡོད་པའི་ནང་སོག་རིགས་དང་། མན་ཇུ་རིགས། ཧུད་རིགས་སོགས་གྲངས་ཉུང་མི་རིགས་12ཀྱི་གྲོང་མི་4000ལྷག་ཙམ་ཡོད།
“སྤྱི་ཁྱབ་ཧྲུའུ་ཅིས་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་གི་འདུག་ལ། སྡེ་ཁུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ཁྱིམ་ཚང་ཡིན་པས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་འཆམ་པོ་བྱེད་དགོས་ཞེས་ནན་བཤད་ཀྱང་གནང” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལས། ལིན་ཧོང་ཁྱིམ་ཚང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཧྭ་ཡིས་མི་རིགས་ཁག་གི་མང་ཚོགས་རྣམས་ཕན་ཚུན་ལྟ་སྐྱོང་གི་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོ་སྐྲུན་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན།
ནང་སོག་གི་འཕེལ་རྒྱས་ཀྱི་ཆ་རྐྱེན་དངོས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་གཞི་ཚུགས་ནས། བརྟག་ཞིབ་དང་བསམ་གཞིག་གཏིང་ཟབ་གནང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་འཐབ་ཇུས་མཛུབ་ཁྲིད་ཁ་གསལ་བཏོན་གནང་བ་སྟེ།
—— “ནང་སོག་གི་ངོས་ནས་བརྗོད་ན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ངེས་པར་དུ་མི་རིགས་མཐུན་སྒྲིལ་གྱི་དུས་བབ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས”
—— “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་འདིར་དམ་འཛིན་ནན་པོ་བྱེད་དགོས”
—— “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་སེའུ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་གསུངས་ཡོད།
ཉེ་བའི་ལོ་ཤས་རིང་། ནང་སོག་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ཤིང་། 2021ལོའི་ཟླ་5པར་ནང་སོག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་འཕེལ་རྒྱས་འཆར་འགོད་བཟོས་ནས་ལག་བསྟར་བྱས་པ་མ་ཟད། 《ནང་སོག་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་གཏོང་བའི་སྲོལ་ཡིག》ཐོག་མར་ཁྱབ་བསྒྲགས་བྱས། ནང་སོག་ཡོངས་སུ་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི“ཁྱབ་གདལ་གཏོང་དགོས་རིགས་ཚང་མ་ཁྱབ་གདལ”བཏང་བ་དང་མི་རིགས་བུ་བཅོལ་ཁང་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནས་བུ་བཅོལ་སློབ་གསོ་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ།
ནང་སོག་གི་སྐྱེ་ཁམས་གནས་ཚུལ་ཇི་འདྲ་ཡོད་མེད་ནང་སོག་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་འཚོ་གནས་དང་དེ་བཞིན་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ཧྭ་པེ་དང་། བྱང་ཤར། ནུབ་བྱང་བཅས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་དེ་བས་འབྲེལ་བ་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་ཐུགས་ལ་འཆང་བའི་དོན་ཆེན་ཞིག་རེད།
ཁྲེ་ཕུང་གྲོང་ཁྱེར་ཁེ་ལཱ་ཆིན་ཆི་མ་ཨན་ཧྲན་ནགས་རའི་ཁྲང་ཀྲང་གཞོན་པ་ཁྲའེ་ཧྲུའུ་ལིང་གིས་2019ལོའི་དབྱར་དུས་ཀྱི་གནས་ཚུལ་ཞིག་རྟག་ཏུ་བློ་ལ་འཆར་བ་སྟེ།
“ཚ་ཟེར་ཉི་འོད་འོག་སྤྱི་ཁྱབ་ཧྲུའུ་ཅི་ནགས་རར་ཕེབས་ནས་ནགས་ཤིང་གི་སྐྱེ་ཚུལ་ལ་གཟིགས་གནང་བ་མ་ཟད། ད་དུང་ང་ཚོ་ནགས་སྲུང་བའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཡང་བཀའ་འདྲི་གནང་བྱུང” ཁྲའེ་ཧྲུའུ་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་སེམས་ལ་བཅངས་ནས་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན། ལོ་གསུམ་ནང་རིམ་རྩིས་བྱས་ན། ང་ཚོས་ཤིང་འཛུགས་ནགས་བཟོ་བྱེད་ཚད་མུའུ་6500ལྷག་ཙམ་ཟིན་སོང་ཞེས་བཤད།
2013ལོ་ཚུན་དུ། ཧུའུ་ལུན་མཚེའི་སྲུང་སྐྱོང་བཅོས་སྐྱོང་ལས་དོན་དང་ཨ་ལ་རི་མོང་ཐེང་ཀེ་ལི་བཟོ་ལས་གླིང་ཁུལ་དུ་ཁོར་ཡུག་སྦགས་བཙོག་གི་གནད་དོན་ཐོན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་ཁྲལ་ཆེན་པོ་བྱུང་ཡོད། ཁོང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བཅོས་སྒྲིག་ཐག་གཅོད་ནན་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།
2014ལོར་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མཐར་ལམ་གཙོ་བོ་གཉིས་ཡོད། གཅིག་ནི་སྐྱེ་ཁམས་སླར་གསོའི་འདུ་འགོད་གལ་ཆེན་མུ་མཐུད་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ནས་པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་གི་འབྱུང་རྩ་བཅོས་སྐྱོང་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་སྐྲུན་པ། རྨོ་བསྐྱུར་ནགས་བཟོ་དང་སྐྱས་སྤོས་རྩྭ་གསོ་སོགས་གཙོ་གནད་འདུ་འགོད་ཡག་པོ་སྐྲུན་དགོས། གཅིག་ཤོས་ནི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མགྱོགས་མྱུར་སྐྲུན་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས”
ཐབས་ལམ་ཡང་དག་བཙལ་ནས་ནང་སོག་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མྱུར་བགྲོད་ལམ་བུར་བསྐྱོད་ཡོད། བྱེད་པོའི་ནུས་ཁུལ་གྱི་ངེས་གནས་གཏན་འཁེལ་དང་མོང་དང་གྲོང་ཁྱེར་ཁག་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཁོར་ཡུག་སྤྱི་འདོམས་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལེགས་སྒྱུར་དང་ལེགས་སྒྲིག་ལུགས་མཐུན་བྱས་ཏེ། ནང་སོག་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཕྱེད་ཀ་ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་ཡོད། མུ་མཐུད་སྲུང་སྐྱོང་བྱས་པ་བརྒྱུད་ནང་སོག་གི་ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ཁག་སོ་སོར་23%དང་45%ཟིན་པ་དང་བྱེ་ཐང་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་གཉིས་ཀ་ཆག་ཡོད།
ནང་སོག་གི་ཅང་ཤེས་རྟ་ཕོ་ཇི་བཞིན་མདུན་དུ་སྐྱོད།
2014ལོའི་དགུན་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཀའ་ངལ་ཡོད་པའི་ནགས་ལས་ལས་བཟོ་ཀོ་ཡུང་ཚའེ་ཡི་ཁྱིམ་དུ་ཕེབས་ནས་ས་ཁྲིའི་ཐོག་བཞུགས་ཏེ། ལོ་གསར་མཁོ་ཆས་གྲ་སྒྲིག་གང་འདྲ་བྱུང་མིནདང་ཁྱིམ་ཚང་གི་གནས་ཚུལ་བཀའ་འདྲི་གནང་། མང་ཚོགས་ཀྱི་སྡོད་ཁང་སྐྱོ་ཙམ་ཡོད་པ་གཟིགས་སྐབས། ཁོང་གིས་ས་གནས་དེ་གའི་ལས་བྱེད་པར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་མགྱོགས་སུ་བཏང་ནས་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པར་བྱེད་དགོས་ཞེས་བཀའ་མངགས་གནང་། ལོ་8རིང་ཨར་ཧྲན་གྲོང་ཁྱེར་གྱིས་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་10400སྒྱུར་བཀོད་བྱས་པ་དང་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མི་ཚང་མ་སྡོད་ཁང་གསར་པར་སྤོས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཁོང་གིས་དེ་སྔ་སོག་པོའི་གུར་ནང་ཤིས་ལིན་ཀོ་ལེ་མོང་གི་འབྲོག་པ་མཱ་ཅི་ཀེ་ཡི་ནང་མི་དང་ཁྱིམ་ཚང་གི་སྐོར་གླེང་། རྒན་རྒོན་ཁོང་གིས་ས་གནས་དེ་གའི་དུད་ཚང་ལ་ལར་གློག་དང་ལམ་མེད་པའི་དཀའ་ངལ་ཞུས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་འཆར་འགོད་བཟོས་ནས་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་བཀའ་མངགས་གནང་། མཱ་ཅེ་ཀེ་ཡི་བུ་ཀང་སུའུ་ཀེ་ལཱས་ད་ཆ་གློག་དང་ལམ་ཤར་གཏོང་ཐུབ་ཡོད་ཅེས་བཤད།
ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ—སྲ་བརྟན—འབྲེལ་མཐུད—འཕེལ་རྒྱས”བཅས་གཙོ་བོར་བཟུང་སྟེ་ནང་སོག་དབུལ་སྒྲོལ་དང་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱི་ཨུ་རུ་སུ་དང་མོང་གོལ་རྒྱལ་ཁབ་དང་སྦྲེལ་བ་དང་། ནང་ཞིང་ཆེན་བརྒྱད་དང་སྦྲེལ་བའི་ས་བབ་ལེགས་ཆར་གཞིགས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རིང་ནང་སོག་ལ་ངེས་གནས་བཙལ་གནང་བ་སྟེ།
—— “ནང་སོག་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་ཡོལ་གལ་ཆེན་དུ་སྐྲུན་དགོས”
—— “རྒྱལ་ཁབ་ཀྱི་ནུས་རྒྱུ་དང་འཐབ་ཇུས་ཐོན་ཁུངས་ཀྱི་རྟེན་གཞི་དང་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དུ་སྐྲུན་དགོས”
—— “རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་ཕྱེ་བའི་ཟམ་སྣེའི་བཙན་རྫོང་གལ་ཆེན་ཞིག་ཏུ་སྐྲུན་དགོས”
“མེས་རྒྱལ་གྱི་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་དེ་བས་མཛེས་སྡུག་ལྡན་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་བཏོན་གནང་བའི་སྤྱིའི་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་དག་རྩྭ་ཐང་གི་བུ་ཕྲུག་ཚོའི་ཐུན་མོང་གི་བསམ་འདུན་དང་འཕེལ་རྒྱས་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣