བོད་ལྗོངས་ཅུད་ལུང་ཟངས་ལས་གཏེར་ཁུལ་གཞུང་ལམ་བརྒྱུད་ནས་བསྐྱོད་ཚེ་ཕྱོགས་གང་སར་དུས་ཚོད་དམ་འཛིན་གྱིས་ཚ་ཚ་འུར་འུར་ངང་ཤིང་འཛུགས་སྔོ་འགྱུར་བྱེད་པའི་རྣམ་པས་ཁེངས། གཏེར་ཁུལ་དུ་མ་འབྱོར་གོང་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་གྱི་ཕན་འབྲས་མྱོང་ཚོར་ཐུབ་པ་མ་ཟད། ཐ་ན་ཧ་ཅང་གཟར་བའི་གཞུང་ལམ་གྱི་ཐུར་ངོས་སུའང་སྔོ་ལྗང་གིས་བཀླུབས་ཡོད།
ཤིང་འཛུགས་ཡུལ་ནས་ང་ཚོར་ཚེ་རིང་ཡོན་ཏན་འཕྲད་བྱུང་། ཚེ་རིང་ཡོན་ཏན་ནི་རྒྱ་མ་ཤང་ནས་ཡིན་པ་དང་ལོ་8ཀྱི་གོང་དུ་བོད་ལྗོངས་ཅུད་ལུང་ཟངས་ལས་སུ་ལས་ཀར་ཞུགས། ལོ་ལྟར་དཔྱིད་ཀ་ཤར་རིམ་བཞིན་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ཀྱི་ཡོད། “ལོ་ལྟར་དབྱར་ཁའི་དུས་སུ་གཏེར་ཁུལ་ཧྲིལ་པོར་སྔོ་ལྗང་གོས་ཀྱིས་བཀླུབས་པའི་འགྱུར་ལྡོག་མཐོང་རྒྱུ་ཡོད”ཅེས་ཚེ་རིང་ཡོན་ཏན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། གཏེར་ལས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གཏེར་རྫས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཐོག“ཡུག་གཅིག་གསར་སྤེལ་དང་། ཡུག་གཅིག་བརྟན་པོ། ཡུག་གཅིག་བཅོས་སྐྱོང་། ཡུག་གཅིག་ལ་ཕན་འབྲས་ཐོན་པ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ས་ཆུ་ཤོར་བ་འགོག་བཅོས་དང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་ནུས་ལྡན་ཐུབ་ཡོད།
བོད་ལྗོངས་ཅུད་ལུང་ཟངས་ལས་ཀྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ནི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། གཏེར་ཁུལ་དེར་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཞིང་། དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་གྱིས་དེའི་སྐྱེ་ཁམས་ཉམས་གསོར་དཀའ་ཚེགས་ཆེན་པོ་ལྡན་པ་གཏན་འཁེལ་བྱས་ཡོད། 2015ལོ་ནས་བཟུང་བོད་ལྗོངས་ཅུད་ལུང་ཟངས་ལས་ཀྱིས་སྐྱེ་ཁམས་ཉམས་གསོ་བྱེད་འགོ་བཙུགས་པས། མིག་སྔར་གཏེར་ཁུལ་དུ་ས་བབ་མཐོ་ཚད་སྨི་5000མན་གྱི་ས་ཁོངས་ཀྱི“ཡུག་སྦྲེལ་གླིང་ཆགས”དང་སྨི་5000ཡན་གྱི་ས་ཁོངས་ཀྱི“ཕྲེང་སྦྲེལ་སྟར་ཆགས”ཀྱི་སྔོ་འགྱུར་རྣམ་པ་ཞིག་སྤྱིར་ན་ཆགས་ཟིན།
2015ལོ་ནས་བཟུང་བོད་ལྗོངས་ཅུད་ལུང་ཟངས་ལས་ཀྱིས་སྔོ་འགྱུར་ཉམས་གསོའི་ལས་དོན་རྒྱུན་མཐུད་ངང་སྤེལ་འགོ་ཚུགས་པ་རེད། “མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་2.57བཏང་ནས་སྤྱི་ཆིང་396གི་སྐྱེ་ཁམས་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་པ་དང་དུས་མཚུངས་ལོ་གསུམ་གྱི་སྐྱེ་ཁམས་ཉམས་གསོའི་འཆར་འགོད་བཟོས་ཡོད། 2022ལོ་ནས་2024ལོ་བར་ང་ཚོས་མ་དངུལ་སྒོར་དུང་ཕྱུར་4བཏང་སྟེ་སྤྱི་ཆིང་400ཡི་སྐྱེ་ཁམས་ཉམས་གསོའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་ཅུད་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཅན་ཁྲང་གིས་ངོ་སྤྲོད་བྱས།
བོད་ལྗོངས་ཅུད་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་སྐྱེ་ཁམས་དང་ཁོར་ཡུག་ཁྲུའི་འགན་འཁུར་བ་ལན་ཧྲུའེ་རུང་གིས་ཀུང་སིས་ཇི་ལྟར་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཆུང་དུ་གཏོང་བ་དང་ཚན་རྩལ་གསར་གཏོད་བྱེད་པ་དེ་ལྗང་མདོག་གཏེར་རི་གསར་སྤེལ་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་མཉམ་འདྲེས་བྱས་པ་ངོ་སྤྲོད་བྱས་ཤིང་། ཁོང་གིས“གཏེར་རྡོ་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་ལམ་ཐག་སྤྱི་ལེ་9ཡི་ཐག་བརྟེན་སྐྱེལ་འདྲེན་བྱེད་ཀྱི་ཡོད”ཅེས་ལན་ཧྲུའེ་རུང་གིས་བཤད།
ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱས་པ་དེ་གཏེར་རྡོའི་རྣམ་པ་བསྒྱུར་བའི་ཐད་མངོན་པ་མ་ཟད། ད་དུང་ཉེ་འཁོར་གྲོང་གསེབ་ཀྱི་མཉམ་གནས་མཉམ་མཛེས་ལས་ཀྱང་མངོན་གྱི་ཡོད། 2009ལོའི་ལོ་མཇུག་ཏུ་རྒྱ་མ་ཤང་སྲིད་གཞུང་གིས་ད་ལྟའི་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་དུ་རྒྱ་མ་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་པས། གྲོང་མི་ཚོས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཀུང་སིར་ཁ་ལོ་བ་བྱ་ཆོག་པའམ་ཡང་ན་རླངས་འཁོར་མ་རྐང་ནང་ཞུགས་པའི་རྣམ་པར་བརྟེན་ནས་རླངས་འཁོར་རུ་ཁག་ནང་ཞུགས་ཆོག་གི་ཡོད། ཀུང་སི་ཐོག་མར་བཙུགས་མ་ཐག་གི་སྐྱེལ་འདྲེན་རླངས་འཁོར་ཆུང་གྲས་67ནས་ད་ཆའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་360ལྷག་ཙམ་བར་མང་དུ་ཕྱིན་ནས། གྲོང་མི་དེ་བས་མང་བར་ཡོང་འབབ་མང་པོ་བྱུང་བས་ཤང་ནང་སྐྱེལ་འདྲེན་བྱ་རྒྱུའི་གདམ་ག་བྱེད་ཀྱི་ཡོད། “ད་ཆ་ངའི་ལས་ཀ་གཙོ་བོ་ནི་གཏེར་རྡོ་སྐྱེལ་འདྲེན་བྱེད་རྒྱུ་དེ་ཡིན། ལོ་གཅིག་ལ་གླ་ཆ་སྒོར་ཁྲི་20ལྷག་ཙམ་ཡོད། ངས་སྐྱེལ་འདྲེན་ལས་ཀ་མུ་མཐུད་བྱེད་ཀྱི་ཡིན་ལ། སླད་ཕྱིན་ཡག་ཐོག་ཡག་བརྩེགས་ཡོང་བའི་ཡིད་ཆེས་ཀྱང་ཡོད”ཅེས་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོའི་གྲོང་མི་བློ་བཟང་བསྟན་འཛིན་གྱིས་བཤད།
ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་མལ་གྲོ་གུང་དཀར་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་རྫོང་ཁོངས་ཀྱི་གཏེར་རིའི་ཁེ་ལས་ཀྱིས་ཁེ་ལས་ཀྱི་སྐྱེ་ཁམས་ཉམས་གསོའི་བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཚད་གཞི་མཐོ་པོས་སྐྱེ་ཁམས་ཉམས་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱས་པ་དང་། རྒྱ་ཁྱོན་སྤྱི་ཆིང་505.2སླར་གསོ་དག་ཐེར་བྱས་ནས་ཚད་གཞི་མཐོ་པོས་བཅོས་སྒྲིག་ལས་འགན་ཁག་ལེགས་སྒྲུབ་བྱས་ཡོད་པ་རེད།
སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་དངུལ་རི་ཡིན། འབྱུང་འགྱུར་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་གཏེར་རི་ཁེ་ལས་ཀྱིས་སྐྱེ་ཁམས་ཉམས་གསོའི་ལོ་ལྔའི་འཆར་འགོད་ལྟར་གཏེར་རིའི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་དང་། ལྗང་མདོག་གཏེར་རི་དང་ལྡུམ་རྭའི་རྣམ་པའི་གཏེར་རི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ས་མཐོའི་གཏེར་རི་དང་སྐྱེ་ཁམས་སླར་གསོའི་དཔེ་མཚོན་ཧུར་ཐག་གཏོད་པ་བཅས་བྱས་ནས། གཏེར་རིའི་ཐོན་སྐྱེད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་ཚུན་ལྟ་རྟོག་དང་། ནུས་ལྡན་མཉམ་འདྲེས། ཕན་ཚུན་སྐུལ་འདེད་བཅས་ཀྱི་ལྗང་མདོག་གཏེར་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་རྒྱུ་རེད།