དབུ་ཤོག>ཆེད་སྒྲིག
  • རི་མཐོའི་ཇ་ཤིང་ར་བའི་ལྗང་མདོག་ཕུགས་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    ལྷུན་རྩེ་རྫོང་རྩ་རི་ཤང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་འདབས་ཀྱི་མཐའ་མཚམས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་2800ཟིན་གྱི་ཡོད། ཆུ་སྣ་མང་པོ་གཅིག་ཏུ་འདུས་པ་དང་གདོད་མའི་ནགས་ཚལ་སྟུག་པོས་ཁེངས་ཤིང་། ལོ་ཧྲིལ་པོར་སྤྲིན་དང་སྨུག་པས་གྲིབ་ནས་ཆར་ཆུ་མང་པོ་འབབ་ཀྱི་ཡོད། དེ་ག་ནི་ཉི་མ་བསྟན་འཛིན་གྱིས་ཇ་འདེབས་སའི་ས་ཆ་ཡིན།

    2016ལོའི་གོང་། རྩ་རི་ཤང་དུ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱས་པའི་ཇ་ཤིང་མེད་ཅིང་། ཉི་མ་བསྟན་འཛིན་གྱིས“ང་ཚོའི་འདི་གར་རི་སྐྱེས་སེ་འབྲུ་ཞིག་ཡོད་པ་དང་། གྲོང་མི་ཚོས་རྟག་ཏུ་དེའི་ལོ་མ་བཀོག་ནས་འཐུང་གི་ཡོད་མོད། འོན་ཀྱང་ཇ་ཤིང་ངོ་མ་ནང་འདྲེན་བྱས་ནས་འདེབས་མྱོང་མེད”ཅེས་བཤད། དེར་བརྟེན་ལོ་མང་འབད་བརྩོན་བྱས་པ་དང་ལས་གཏོད་ཀྱི་འདུན་པ་ཡོད་པའི་ཉི་མ་བསྟན་འཛིན་གྱིས་གོ་སྐབས་དེ་མཐོང་བ་རེད།

    ཇུས་འགོད་ཐེངས་མང་བྱས་པ་བརྒྱུད། ཤང་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ལྗོངས་ནང་ཁུལ་དང་། སི་ཁྲོན། ཧུའུ་ནན་སོགས་ནས་ཇ་ལོའི་རིགས་གཅིག་མཁས་ཅན་རྩ་རི་ཤང་དུ་གདན་དྲངས་ཏེ་ས་གནས་ས་ཐོག་ཏུ་ས་ཁམས་དང་། གནམ་གཤིས། ས་རྒྱུ་སོགས་ཁོར་ཡུག་གི་རྒྱུ་རྐྱེན་ལ་བརྟག་ཞིབ་བྱས་པ་དང་། དེ་ཁུལ་དུ་རི་མཐོའི་ཇ་འདེབས་རྒྱུར་འཚམ་པའི་རང་བཞིན་རིགས་པས་ཁུངས་སྐྱེལ་བྱས་པས། ཉི་མ་བསྟན་འཛིན་ལའང་ཇ་འདེབས་རྒྱུའི“སེམས་རྣལ་རིལ་བུ”ཞིག་ཐོབ་པ་ལྟར་བྱུང་ཡོད།

    2016ལོར་ཁོང་གིས་སི་ཁྲོན་གཡག་རྔ་ནས་ཇ་ཤིང་གི་སྡོང་ཕྲུག་ནང་འདྲེན་བྱས་ཏེ་ཚོད་འདེབས་བྱེད་འགོ་བཙུགས།

    “ཐོག་མར་ལག་རྩལ་ཁོང་དུ་མ་ཆུད་པའི་ཁར་དོ་དམ་ཡང་ཡག་པོ་བྱེད་མི་ཤེས་སྟབས། ལོ་དང་པོ་དང་གཉིས་པར་བཏབ་པའི་ཇ་ལ་ལམ་འགྲོ་མ་རྒྱུག་པར་ཕར་རྒྱུག་ཚུར་རྒྱུག་བྱས་ནས་གྲབས་གསོག་བྱས་པའི་མ་རྩ་སྒོར་ཁྲི་100ལྷག་ཙམ་ཧ་ལམ་གྱོང་གུན་ཕོག”ཚོད་འདེབས་ཕམ་ཉེས་སོང་བས་སྐབས་ཤིག་རིང་ཉི་མ་བསྟན་འཛིན་གྱི་བསམ་བློར་ཕོག་ཐུག་ཆེན་པོ་བྱུང་ཡོད།

    ཇ་མ་བཏབ་གོང་། ཉི་མ་བསྟན་འཛིན་ནི་རྩ་རི་ཤང་དུ་སྐད་གྲགས་ཆོད་པའི“ཡུལ་སྐོར་སྣེ་ཤན་པ”ཞིག་ཡིན་པ་དང་། ཁོང་གིས་ཡུལ་སྐོར་བར་སྣེ་ཤན་པ་བྱེད་པ་དང་། ཡུལ་སྐོར་བར་ཞག་སྡོད་དང་རླངས་འཁོར་འཇོག་ས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པར་ལོ་གཅིག་ལ་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བབས་ཀྱི་ཡོད།

    ཉི་མ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་དོན། ཇའི་ཐོན་ལས་ལ་དམིགས་ནས་ཕྱོགས་མང་པོར་འབྲེལ་གཏུག་དང་རེ་ཞུ་བྱས་པ་བརྒྱུད། ཤང་སྲིད་གཞུང་གིས་ཁོང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་60མཐུན་སྦྱོར་བྱས་པ་དང་། གཉེན་ཉེ་དང་གྲོགས་པོས་ཁོང་ལ་སྒོར་ཁྲི་40གཡར་བ་མ་ཟད། རང་ཉིད་ཀྱིས་སྒོར་ཁྲི་60ལྷག་ཙམ་བསགས་པས་མཐར་རྣམ་གྲངས་དེ་ལག་བསྟར་བྱེད་འགོ་བཙུགས།

    བརྒྱབ་པའི་མདའ་མོར་ལོག་ཐབས་མེད། གལ་ཏེ་ཇ་ལོ་རྐང་གཅིག་ཀྱང་འདེབས་མ་ཐུབ་ཚེ་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་དག་ཆུ་ལ་བསྐྱུར་བ་དང་ཁྱད་པར་ཅི། གཉེན་ཉེ་དང་གྲོགས་པོར་གཡར་བའི་དངུལ་རྣམས་སྐྱིན་ཚབ་ཇི་ལྟར་འཇལ་དགོས་སམ། ཉི་མ་བསྟན་འཛིན་གྱིས་སེམས་ཐག་གཙང་བཅད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་སླར་ཡང་ཚོད་ལྟ་བྱ་རྒྱུའི་སེམས་ཐག་བཅད།

    ད་རེས་ཁོང་གིས་སྔོན་ཆད་ཀྱི་རྨོངས་ཚོད་ངང་ལས་ཀ་བྱེད་པའི་བསླབ་བྱ་དང་དུ་བླངས་ནས་སྔོན་ལ་ཇ་ཤིང་འདེབས་པ་དང་དོ་དམ་བྱེད་པ་ནས་འགོ་བཙུགས་ཏེ་རིམ་བཞིན་ཉམས་མྱོང་ཁོང་དུ་ཆུད་པར་བྱས་པ་དང་དེ་ནས་ཚོད་ལྟ་བྱས་པ་རེད།

    ཁོང་གིས་ཆེད་མངགས་སི་ཁྲོན་གླང་ཆེན་འགྱིང་རི་དང་ཉིང་ཁྲིའི་ཡིད་འོང་སོགས་སུ་ཇ་འདེབས་ལག་རྩལ་སྦྱོང་བར་བསྐྱོད་པ་མ་ཟད། ཤང་སྲིད་གཞུང་གིས་ད་དུང་འབྲེལ་ཡོད་ལག་རྩལ་པ་དང་ཚན་རྩལ་ཆེད་མངགས་པ་སྒྲིག་འཛུགས་བྱས་ཏེ་རྩ་རི་ཤང་དུ་མཛུབ་ཁྲིད་བྱེད་པར་བཏང་བ་རེད། མཐར་2018ལོར་ཉི་མ་བསྟན་འཛིན་གྱིས་རི་མཐོའི་ཇ་ཚོད་འདེབས་བྱས་པར་གྲུབ་འབྲས་ཐོབ།

    ད་ཆ་ཁོང་གིས་གཉེར་སྐྱོང་བྱས་པའི“རྩ་རི་ས་མཐོའི་ཁྱད་ལྡན་ཇ་རའི”འདེབས་ཁྱོན་མུའུ་130ལྷག་ཙམ་དང་འཐུ་ཁྱོན་མུའུ་50ཟིན་པ་དང་། 2021ལོར་ཇ་ལོའི་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་150ཙམ་དང་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་ཟིན་ཡོད།

    ཇ་འདེབས་པ་ནི་ཉི་མ་བསྟན་འཛིན་གཅིག་པུའི་བྱ་གཞག་ཙམ་མ་ཡིན་པར་རྩ་རི་ཤང་གིས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་ཐོན་ལས་གལ་ཆེན་ཞིག་ཀྱང་རེད། “ངས་བྱ་གཞག་གཏོད་པའི་བརྒྱུད་རིམ་ནང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་བྱུང་། ང་ལ་འགོ་འཛུགས་མ་དངུལ་བརྩོན་ལེན་བྱེད་རོགས་བྱས་པ་མ་ཟད། འདི་ལོའི་ལོ་འགོར་གངས་སྐྱོན་ཕོག་སྐབས་ད་དུང་ང་ལ་ཇ་ཞིང་གི་དྲོད་ཁང་སྐྲུན་པའི་གྲོན་དངུལ་ཡང་རག་ཐབས་བྱས་བྱུང་། དེས་ན་རང་ཉིད་ལ་མང་ཚོགས་དེ་བས་མང་བར་ཕྱུག་འགྱུར་སྣེ་ཁྲིད་བྱ་རྒྱུའི་འགན་འཁྲི་ཡོད”ཅེས་ཉི་མ་བསྟན་འཛིན་གྱིས་བཤད།

    མིག་སྔར་རྩ་རི་ས་མཐོའི་ཁྱད་ལྡན་ཇ་ཤིང་ར་བས་མཉམ་འབྲེལ་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་སྲིད་གཞུང་གིས་མ་དངུལ་ཁག་གཅིག་བཏང་བ་དང་ཉི་མ་བསྟན་འཛིན་མི་སྒེར་གྱིས་མ་དངུལ་ཁག་གཅིག་བཏང་སྟེ་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4ལ་རོགས་སྐྱོར་བྱས་ནས་མི་2ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ཇ་འཐུ་བའི་དུས་ཚིགས་སུ་ད་དུང་ས་གནས་དེ་གའི་མང་ཚོགས་དུས་ཐུང་གླ་པ་རྒྱུག་པར་ཡང་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད།

    ཇ་ཤིང་ར་བའི་ལས་མི་པད་མ་དབྱངས་ཅན་གྱིས“འདི་ནས་ང་ཚོར་ཟླ་རེར་གླ་ཆ་སྒོར་1500རག་པ་མ་ཟད། ད་དུང་ཇ་འདེབས་ལག་རྩལ་ཡང་སྦྱོང་ཐུབ་ཀྱི་འདུག ཟླ་11པར་ཇ་ལོ་འཐུ་བའི་དུས་ཚིགས་སུ་ཉིན་རེར་ད་དུང་ཇ་འཐུ་བའི་གླ་ཆ་སྒོར་200རག་གི་འདུག”ཅེས་བཤད།

    ཕྱི་རོལ་དུ་དབྱར་ཁ་ཤར་ཡང་རྩ་རིར་སྔར་བཞིན་དཔྱིད་དཔལ་རབ་ཏུ་བཞད་པ་ལྟར་དུ་སྣང་། ཉི་མ་བསྟན་འཛིན་གྱིས་མྱུ་གུ་འབུས་པའི་ཇ་ཤིང་ལ་ལྟ་བཞིན་དུ་ལྗང་མདོག་གི་ཕུགས་འདུན་རེ་རེ་མཐོང་བ་དང་གཉིས་སུ་མ་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།