དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-26

    དྲི་བ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཐོབ་པའི་ཏང་གི་ཐུན་མོང་མིན་པའི་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། 《གྲོས་ཆོད》ནང་། “འཚོལ་ཞིབ་བྱེད་རིང་བར་ཆད་ཆེན་པོ་མང་པོ་འཕྲད་ཡོད་མོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཐོབ་པའི་ཏང་གི་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ཕན་འབྲས་ཧ་ཅང་ཆེན་པོ་དེས། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པར་རྩ་ཆེའི་ཉམས་མྱོང་དང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་མཁོ་འདོན་བྱས་ཡོད”ཅེས་བསྟན་ཡོད། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དེ་དག་ནི་ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུའི་ངོས་ནས་བརྗོད་ན་དེ་དག་ལ་དཔྱད་གཞིར་འཛིན་འོས་པའི་དོན་སྙིང་གལ་ཆེན་ལྡན་ཡོད།

    དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་སྐོར། རང་རེའི་ཏང་གིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་བཏོད་པའི་སྤྱི་ཚོགས་རིང་ལུགས་ལ་བར་བརྒལ་བྱེད་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཆ་རྐྱེན་གཞིར་བཟུང་། སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་དང་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་དུས་གཅིག་ཏུ་སྤེལ་བའི་བྱེད་ཕྱོགས་སྤྱད་ཁར། ཐོན་སྐྱེད་རྒྱུ་ཆ་སྒེར་དབང་ལམ་ལུགས་རིམ་བཞིན་སྒྱུར་བཀོད་བྱེད་པའི་སྲིད་ཇུས་ཞིབ་ཕྲ་ལག་བསྟར་བྱས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཐོག་ནས་འཛམ་གླིང་མི་འབོར་གྱི་1/4བཟུང་བ་དང་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཐེབས་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོར་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་རྒྱུའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་པར་བསྒྲུབས་ནས་མར་ཁེ་སི་དང་ལེ་ཉིང་གིས་དེ་སྔ་བསམ་གཞིག་གནང་མྱོང་བའི་འབྱོར་ལྡན་གྲལ་རིམ་ཞི་བས་བླུ་ཉོ་མངོན་འགྱུར་བྱུང་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གསར་གཏོད་རང་བཞིན་གྱི་ཉམས་མྱོང་ཞིག་ཡིན་པ་དང་། དེས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་བཏོན་གནང་བའི་མི་དམངས་ནང་ཁུལ་གྱི་དམངས་གཙོའི་ཕྱོགས་ཁག་དང་ལོག་སྤྱོད་ཤོག་ཁག་གི་སྲིད་དབང་སྒེར་འཛིན་ཕན་ཚུན་ཟུང་འབྲེལ་བྱེད་པ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཡིན་ཞེས་པའི་རིགས་པའི་གཞུང་ལུགས་བཏོན་གནང་ཞིང་། དེས་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞུང་ལུགས་ཕུན་སུམ་ཚོགས་སུ་བཏང་ཡོད།

    གཉིས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སྐོར། རང་རེའི་ཏང་གིས་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ངོས་འཛིན་གལ་ཆེན་འགའ་ཞིག་རིམ་བཞིན་ཆགས་ཡོད། འཚོལ་ཞིབ་ཐོག་མར་བྱེད་སྐབས་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བསམ་བློ་ལྡན་དགོས་པ་དང་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང“ཟུང་འབྲེལ་ཐེངས་གཉིས་པ”བྱེད་དགོས་པའི་གཞི་རྩའི་རྩ་དོན་རྒྱས་བཤད་གནང་བ་དང་། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་འགལ་བའི་གཞུང་ལུགས་བཏོན་གནང་བ་མ་ཟད། མཐུན་རྐྱེན་ཚང་མ་སྐུལ་སློང་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་མཛད་ཕྱོགས་གསལ་བཤད་གནང་ཡོད།

    སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཐད། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་འབྱེད་དང་ཐག་གཅོད་ཡང་དག་བྱས་ནས་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཚོ་བའི་བརྗོད་དོན་གཙོ་བོར་བརྩིས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དེ་གཅིག་སྡུད་ཡོད་ལ་དམངས་གཙོ་ཡོད་པ་དང་། སྒྲིག་ལམ་ཡོད་ལ་རང་དབང་ཡོད་པ། གཅིག་གྱུར་གྱི་བློ་སྟོབས་ལྡན་ལ་མི་སྒེར་སེམས་པ་སྐྱིད་ལ་གསོན་ཤུགས་ལྡན་པ་བཅས་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཞིག་གཏོད་དགོས་ཞེས་བཏོན་ཡོད།

    སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་ཐད། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་དེ་ལག་རྩལ་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྒྱུར་དགོས་པ་དང་། རྙིང་ཞེན་ལ་ངོ་རྒོལ་བྱེད་དགོས་ལ་ཐལ་སྐྱོད་ལའང་ངོ་རྒོལ་བྱས་ཏེ་ཕྱོགས་བསྡུས་དོ་སྙོམས་ཁྲོད་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས། ཞིང་ལས་རྨང་གཞིར་བྱེད་པ་དང་བཟོ་ལས་གཙོ་ཁྲིད་དུ་བྱས་ནས་ཞིང་ལས་དང་། ཡང་བའི་བཟོ་ལས། ལྕི་བའི་བཟོ་ལས་བཅས་ཀྱི་གོ་རིམ་གཞིར་བཟུང་རྒྱལ་དམངས་དཔལ་འབྱོར་གྱི་འཆར་གཞི་བཀོད་སྒྲིག་བྱེད་དགོས། འཆར་གཞིའི་སྟོན་གྲངས་ངེས་པར་དུ་དོན་དངོས་དང་མཐུན་པ་དང་། འཛུགས་སྐྲུན་གྱི་གཞི་ཁྱོན་ངེས་པར་དུ་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་འཚམ་པ། མི་དམངས་ཀྱི་འཚོ་བ་དང་རྒྱལ་ཁབ་འཛུགས་སྐྲུན་ངེས་པར་དུ་ཕན་ཚུན་ལྟ་རྟོག་སོགས་བྱེད་དགོས་ཞེས་བཏོན་ཡོད།

    སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་སྲོལ་ཐད། ཐོན་སྐྱེད་འབྲེལ་བའི་འཕོ་འགྱུར་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་ལས་བརྒལ་མི་རུང་བ་དང་། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱིས་ངེས་པར་དུ་ཚོང་ཟོག་ཐོན་སྐྱེད་དང་ཚོང་ཟོག་བརྗེ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིན་ཐང་གི་ཆོས་ཉིད་ལ་བརྩི་འཇོག་དང་རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་བཏོན་པ་སྟེ། ཐོན་སྐྱེད་གཉེར་སྐྱོང་ཐད། རྒྱལ་ཁབ་ཀྱིས་གཉེར་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་ནི་བྱེད་པོ་ཡིན་ཞིང་། གྲངས་འབོར་ངེས་ཅན་གྱི་ཁེར་རྐྱང་གཉེར་སྐྱོང་དང་ཐ་ན་མ་རྩ་རིང་ལུགས་ཀྱི་སྒེར་གྱི་གཉེར་སྐྱོང་གིས་ཁ་གསབ་བྱས་ཡོད། ཐོན་སྐྱེད་འཆར་གཞིའི་ཐད། འཆར་གཞིའི་ཐོན་སྐྱེད་ནི་ཞིང་ལས་ཐོན་སྐྱེད་ཀྱི་བྱེད་པོ་ཡིན་ཞིང་། རྒྱལ་ཁབ་འཆར་གཞིའི་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་ནང་གི་རང་མོས་ཐོན་སྐྱེད་ཀྱིས་ཁ་གསབ་བྱས་ཡོད། ཁྲོམ་རའི་ཐད། རྒྱལ་ཁབ་ཀྱི་ཁྲོམ་ར་ནི་བྱེད་པོ་ཡིན་ཞིང་། གཞི་ཁྱོན་ངེས་ཅན་ཞིག་གི་རྒྱལ་ཁབ་ཀྱིས་སྣེ་ཁྲིད་པའི་རང་མོས་ཁྲོམ་ར་ཁ་གསབ་ཏུ་བྱས་ཡོད། ཀྲུང་དབྱང་དང་ས་གནས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ས་གནས་དང་ཁེ་ལས་ལ་དབང་ཆ་ངེས་ཅན་ཞིག་སྤྲོད་པ་དང་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་ཀྱི་རང་བདག་དབང་ཆ་སོགས་ཆེ་རུ་གཏོང་དགོས་པ་སོགས།

    གཞན་ཡང་སློབ་གསོ་དང་། ཚན་རྩལ། རིག་གནས་སོགས་ལས་དོན་ཐད“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་མཛད་ཕྱོགས་བཏོན་པ་དང་། སློབ་གསོའི་ལམ་ལུགས་གཉིས་ལག་བསྟར་བྱ་རྒྱུ་བཏོན་པ། རང་རྒྱལ་གྱི་ཤེས་ཡོན་ཅན་མང་ཆེ་བ་ནི་ངལ་རྩོལ་མི་དམངས་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱས་པ། རང་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ཚན་རིག་ལག་རྩལ་དེང་རབས་ཅན་ལ་འགག་རྩའི་ནུས་པ་ལྡན་ཡོད་ཅེས་བསྟན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད། “དེང་རབས་ཅན་བཞིའི”སྤྱིའི་ལས་འགན་དང“གོམས་སྟབས་གཉིས་ལ་ཕྱེ་ནས་སྐྱོད་པའི”ཐབས་ཇུས་གོ་རིམ་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཡུན་རིང་རང་བཞིན་ལ་ངོས་འཛིན་ཅུང་གསལ་པོ་བྱུང་བ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལོ་བརྒྱའམ་ཡང་ན་དུས་ཚོད་དེ་བས་རིང་བ་དགོས་པ་ཚོད་དཔག་བྱས་ཡོད། ཏང་འཛུགས་སྐྱོང་ཐད། སྲིད་འཛིན་ཏང་འཛུགས་སྐྱོང་གི་གནད་དོན་གཙོ་གནད་དུ་བཟུང་ནས་བཏོན་ཡོད།

    གསུམ་པ། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དེ་དག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཏོད་པར་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་བྱས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་གསལ་བཤད་བྱས་པའི་དགོངས་དོན་གལ་ཆེན་དེ་དག་གིས་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོར་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཇི་ལྟར་མངོན་འགྱུར་བྱ་རྒྱུའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བརྒྱབ་པ་དང་། སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱ་རྒྱུའི་ཐད་དཀའ་སྤྱད་འཚོལ་ཞིབ་བྱས་པ། ཀྲུང་གོ་ལྟ་བུའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་རྗེས་ལུས་ཐེབས་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ཏུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཉམས་མྱོང་གལ་ཆེན་བསགས་པ། གསར་གཏོད་རང་བཞིན་ལྡན་པའི་ནང་དོན་ལ་བརྟེན་ནས་མར་ཁེ་སིའི་རིང་ལུགས་ཀྱི་བང་མཛོད་ལ་རྒྱུ་ནོར་གསར་པ་བསྣན་ཡོད། བསམ་བློའི་གྲུབ་འབྲས་དེ་དག་གིས་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་མུ་མཐུད་འཚོལ་ཞིབ་བྱེད་པ་དང་འབྲེལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གྲུབ་རྒྱུར་རྨང་གཞི་གལ་ཆེན་བཏིང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།