“ལྷན་རྒྱས་སྐུ་ཁམས་བཟང་། ང་སྐལ་བཟང་ཆོས་སྒྲོན་ཡིན། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་བུ་མོ་ཞིག་ཡིན། དེ་རིང་ངས་ཚང་མར་ངོ་སྤྲོད་ཞུ་དོན་ནི་གཤམ་ཁྱིམ་གྲོང་ཚོའི‘དྲ་ཐོག་མིང་ཅན’ཉུང་མ་ཡིན”
གློག་སྒྲོན་གྱི་འོག་ཏུ་ལུས་ལ་བོད་ཆས་སྤྲས་ནས་དྲ་རྒྱར་ཐད་གཏོང་བྱེད་བཞིན་པའི་བུ་མོ་དེའི་མིང་ལ་སྐལ་བཟང་ཆོས་སྒྲོན་ཟེར་ཞིང་། ལོ་རབས་དགུ་བཅུའི་ནང་སྐྱེས་གྲོང་སྡོད་ལས་བྱེད་པ་ཞིག་རེད། ཐད་གཏོང་འདི་ལྟ་བུ་ཁོ་མོས་ཐེངས་ག་ཚོད་བྱས་པ་གསལ་པོ་ཤོད་པར་དཀའ།
2014ལོར། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་རྗེས་སྐལ་བཟང་ཆོས་སྒྲོན་ཕ་ཡུལ་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་སུ་ལས་ཀར་ཞུགས། 2019ལོའི་ཟླ་དང་པོར་རྩ་འཛུཌ་ནས་མངགས་པ་བརྒྱུད། ཁོ་མོ་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གཤམ་ཁྱིམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པར་བསྐྱོད་ཅིང་། ཉུང་མ་འཚོང་བའི་གཏམ་རྒྱུད་ཀྱང་དེ་ནས་འགོ་ཚུཌ་པ་རེད།
གཤམ་ཁྱིམ་གྲོང་ཚོ་2017ལོར་དབུལ་སྒྲོལ་ཐུབ་ཀྱང་གྲོང་མིའི་འབབ་འཕར་ཐབས་ལམ་སྣ་གཅིག་ལས་མེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བའི་སྐབས། སྐལ་བཟང་ཆོས་སྒྲོན་གྱིས་མང་ཚོགས་ཕྱུག་པོ་ཆགས་དགོས་ན་ཐོན་ལས་ནི་རྩ་བ་ཡིན་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཚེ་གཞི་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་སྔར་བས་བྱེད་ཐུབ་པའི་ངོས་འཛིན་བྱས།
“ང་ཚོས་བརྟག་ཞིབ་བྱས་པ་བརྒྱུད། གྲོང་ཚོའི་མི་མང་པོ་ཞིག་གིས་ཉུང་མ་འདེབས་ཀྱི་ཡོད་པ་མ་ཟད། ཉུང་མ་ལས་སྣོན་གྱི་ལག་རྩལ་ཤེས་པ་དང་། ཉུང་མ་ཞིམ་པོ་ཡོད། དེས་ལ་དུག་སེལ་བ་སོགས་ལའང་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་རྒན་རྒོན་ཚོས་ཧ་ཅང་དགའ་པོ་བྱེད་པས་ང་ཚོས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་འདུག་བསམས་ཏེ་ཉུང་མ་ཁྱབ་གདལ་དང་ཕྱིར་ཚོང་བྱེད་པའི་བསམ་བློ་འཁོར་བྱུང་། འོན་ཀྱང་ང་ཚོའི་བསམ་ཚུལ་དེ་བཏོན་མ་ཐག་གྲོང་མིས་དེ་ནི་ནོར་གནག་ལ་སྟེར་བའི་གཟན་ཆས་ཡིན་པས་ཉོ་མཁན་མེད་ཅེས་བཤད་བྱུང”
མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་གནད་དོན་ཇི་ལྟར་ཐག་གཅོད་ཇི་ལྟར་བྱེད་པ་ནི་སྐལ་བཟང་ཆོས་སྒྲོན་གྱི་མདུན་དུ་འཕྲད་པའི་དཀའ་གནད་དང་པོ་དེ་རེད། སྐལ་བཟང་ཆོས་སྒྲོན་གྱིས་དང་ཐོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་བཙལ་ནས་གྲོས་མོལ་དང་འབྲེལ་གཏུག་ཡང་ཡང་བྱས་མཐར། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཁོང་གི་བསམ་ཚུལ་ལ་མོས་མཐུན་བྱས་མོད། འོན་ཀྱང་གྲོང་མིའི་རྒྱབ་སྐྱོར་འཐོབ་དགོས་ན་ལས་སླ་པོ་ཞིག་གཏན་ནས་མ་རེད།
“བྱ་བ་དང་པོ་བྱེད་དཀའ་བ་བཞིན་མཉམ་ལས་ཁང་བཙུགས་རྗེས། ང་ཚོས་གང་སར་དྲིལ་བསྒྲགས་བྱས་ཀྱང་ཉོ་མཁན་མང་པོ་མ་བྱུང་། ཕན་ཚུན་ལྕག་སྐུལ་གཏོང་རེས་བྱས་ཏེ་ང་ཚོས་མདུན་གྱི་ཟླ་བ་གསུམ་སྡུག་རུས་བྱས་པ་ཡིན། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག ཉུང་མ་ཉོ་མཁན་ཇེ་མང་དུ་ཕྱིན་ནས་ང་ཚོའི་ཡོང་འབབ་དང་པོར་སྒོར་4000རག་བྱུང”ཞེས་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་སྐལ་བཟང་ཆོས་སྒྲོན་གྱིས་མྱོང་ཚོར་ཟབ་མོས་བཤད།
ཉུང་མའི་ཐོན་ཚད་ཉིན་བཞིན་མང་དུ་སོང་བ་དང་བསྟུན་ནས། ཉུང་མའི་བྲིན་ཚོང་ཐབས་ལམ་ཇེ་ཡངས་སུ་ཕྱིན་ཏེ་བྲིན་ཚོང་གི་དཀའ་གནད་ཇི་ལྟར་སེལ་རྒྱུ་ནི་སྐལ་བཟང་ཆོས་སྒྲོན་ལ་འཕྲད་པའི་དཀའ་གནད་གཞན་ཞིག་ཏུ་གྱུར། ཕྱོགས་གཅིག་ནས་སྐལ་བཟང་ཆོས་སྒྲོན་གྱིས་གོང་རིམ་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རི་བོ་ཆེ་རྫོང་ཨུད་དང་། རྫོང་སྲིད་གཞུང་། རི་བོ་ཆེ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་ཚོང་ཁང་གི་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་སྐད་འཕྲིན་དང་ཁྱུག་དབྱིངས་ནི་ཉེ་འཁོར་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པར་མཐོང་སྐབས། སྐལ་བཟང་ཆོས་སྒྲོན་གྱིས་ཀྱང་དྲ་རྒྱ་ནས་བྲིན་ཚོང་བྱེད་པ་དང“ཟོག་ཚོང་ཐད་གཏོང”གི་ཤར་རླུང་ལ་བརྟེན་ནས་གཤམ་ཁྱིམ་གྲོང་ཚོའི་ཉུང་མ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་བའི་སེམས་ཐག་བཅད་ཅིང་། 2021ལོར་གཤམ་ཁྱིམ་གྲོང་ཚོའི་ཉུང་མའི་ཡོང་འབབ་སྒོར་ཁྲི་12ཟིན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་101གི་མི་590ས་ཆ་དེ་རང་དང་ཐག་ཉེ་སར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ལོ་གསུམ་རིང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད། ཆེད་དོན་བརྟག་ཞིབ་དང་དམངས་གཙོའི་གྲོས་བསྡུར་བྱས་ཏེ། སྐལ་བཟང་ཆོས་སྒྲོན་དང་ལས་རོགས་ཚོར་གཤམ་ཁྱིམ་གྲོང་ཚོའི་འཕེལ་རྒྱས་དང་འཚམ་པའི“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད+ཁྲོམ་ར”བཅས་ཀྱི་བྱེད་སྟངས་གསར་པ་ཞིག་རྙེད་ཡོད། ད་ཆ་ཁྱད་ལྡན་ཉུང་མ་དེ་གཤམ་ཁྱིམ་གྲོང་ཚོའི་ཆེད་ལས་ལས་མིས་ལས་སྣོན་བྱས་ཏེ་དྲ་ཐོག་དང་དྲ་ཕྱིར་ཕྱིར་ཚོང་བྱེད་སྟངས་བརྒྱུད། རྒྱ་མ་རེར་རིན་གོང་སྒོར་60ཡིས་རི་བོ་ཆེ་རྫོང་དང་། ཆབ་མདོ་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་སོགས་སུ་བཙོངས་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད།