དབུ་ཤོག>ཆེད་སྒྲིག
  • ཁ་ཞེ་གཉིས་མེད་ངང་ནས་དོན་དངོས་བསྒྲུབས། བརྩེ་སེམས་ཟབ་མོས་དམངས་ཀྱི་སེམས་ཁྲལ་བསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-23

    2021ལོར་ལྗོངས་ཡོངས་ཀྱི་རིམ་ཁག་རྨང་བརྟན་གཞུང་དོན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐྲུལ་འདེད་བཏང་ནས་དུས་རབས་གསར་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་ཏན་ཏིག་ངང་ལེགས་སྒྲུབ་བྱས་ཡོད།

    2021ལོར་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས“གཞི་རྩ་དྲུག”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གཞོགས་འདེགས་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་རྒྱུན་མཐུད་དག་ཐེར་བྱས་ནས་དག་ཐེར་ཚད་ལོན་ཐོ་བསུབ་ཀྱི་འགན་ལེན་བྱས་པ་རེད། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཐེངས་ཁྲི་1ལྷག་ཙམ་འཚོགས་པར་གཞོགས་འདེགས་བྱས་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་ཁྲི་4.6སྤེལ་བ། ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ཐེངས་ཁྲི་2.3འཚོགས་པ། ཏང་གི་སློབ་ཚན་ཐེངས་ཁྲི་3.5ཁྲིད་པ། ཏང་ཡོན་ཁྲི་1.7འཕེལ་རྒྱས་བཏང་བ། ཏང་དང་མང་ཚོགས་ཀྱི་བྱེད་སྒོ་ཐེངས་ཁྲི་2.5སྤེལ་བར་ཏང་ཡོན་མང་ཚོགས་མི་ཐེངས་ཁྲི་100.9ཞུགས་པ་རེད།

    ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས“མི་སེར་དཀྱུས་མའི་ཁྱིམ་དུ”ཁྱབ་གདལ་གཏོང་ཆེད། 2021ལོར་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་འབྲེལ་ཡོད་བྱེད་སྒོ་ཐེངས་ཁྲི་3.9སྤེལ་བ་དང་། ཆེད་དོན་འཆད་ཁྲིད་ཐེངས་ཁྲི་1.8བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཐེངས་ཁྲི་2.9བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཐེངས་ཁྲི་4.4བྱས་པ། “ལོ་རྒྱུས་བཞི”དང་དེ་བཞིན་བོད་ལྗོངས་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སྒྲོག་འགྲེལ་སློབ་གསོ་ཐེངས་ཁྲི་4.4སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་4ལྷག་ཙམ་སྤེལ་བ། “བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་ཆེད་དོན་འཆད་ཁྲིད་ཐེངས་ཁྲི་1.8བྱས་པ། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་དྲི་བ་དྲིས་ལན》དང《གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རིག་གནས་བྱང་ཚད་མཐོར་གཏོང་གི་བསླབ་གཞི》གཞི་རྩའི་བསླབ་གཞིར་བྱས་ནས་གསོ་སྦྱོང་སྣ་ཚོགས་ཐེངས་ཁྲི་9.1བྱས་པ་རེད།

    “ལས་དོན་རུ་ཁག་གིས་གཅིག་སྡུད་སྒྲོག་འགྲེལ་བྱས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། ང་ཚོས་དེ་སྔ་རྒྱུས་མངའ་དེ་ཙམ་མེད་པའི་སྲིད་ཇུས་ད་ཆ་ཤེས་སོང་ལ། ལས་སྒྲུབ་ལས་གཏོད་ཀྱི་གདེང་ཚོད་ཀྱང་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་ཡུལ་མིས་དེ་ལྟར་བརྗོད།

    2021ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་རྨང་བརྟན་གཞུང་དོན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ནས“མི་འདོར་བ་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ད་ཡོད་ཀྱི་རོགས་སྐྱོར་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་མི་སྒྱུར་བ་དང་། སྲིད་ཇུས་ཀྱི་རྒྱུན་མི་ཆད་པ། ཤུགས་ཚད་མི་འཕྲི་བ་བཅས་རྒྱུན་འཁྱོངས་ཀྱིས་དུད་ཚང་ཁྲི་4.3འགན་གཙང་བླངས་ནས་རོགས་སྐྱོང་བྱས་ཏེ་དཀའ་ངལ་སྣ་ཚོགས་ཁྲི་1.7ཐག་གཅོད་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཐེངས་ཁྲི་2.7བྱས་པ། གྲོང་གསེབ་དར་རྒྱས་སྡེ་ཚན་དང་བཅའ་སྡོད་གྲོང་ཚོའི་ཏང་རྩ་འཛུགས་ལ་གཞོགས་འདེགས་ཀྱིས་དབུལ་ལོག་ལྟ་ཞིབ་ཚད་ལེན་བྱས་ནས་དབུལ་ལོག་སྔོན་འགོག་བྱེད་ཐབས་ཁྲི་1.2བཟོས་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་སྒོ་ཐེངས་ཁྲི་5.2སྤེལ་ནས་གྲོང་གསེབ་ཀྱི“ཕྱོགས་བཞིར”ལྗོན་ཤིང་རྐང་ཁྲི་201.1ལྷག་ཙམ་དང་རྩྭ་མུའུ་ཁྲི་7.2ལྷག་ཙམ་འདེབས་པར་ཞུགས་པ། རྒྱུན་རྣམ་ཅན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཐེངས་ཁྲི་6.1བྱས་ནས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་མི་ཐེངས་ཁྲི་201.7ལ་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་པ་རེད།

    2021ལོར་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། ལམ་སྟོན་པ་བཅས་མུ་མཐུད་ཡག་པོ་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་ཧུར་ཐག་བཏོན་ཏེ“གཅིག་འཐུས་རྣམ་པའི་ཞབས་འདེགས”ཡག་པོ་ཞུས་ནས་མང་ཚོགས་ལ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་2.8ཐག་གཅོད་རོགས་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་ཚབ་སྐྱེལ་ཚབ་སྒྲུབ་སོགས་དམངས་ཕན་ཞབས་འདེགས་ཁྲི་11ལྷག་ཙམ་ཞུས་པ། མང་ཚོགས་ཁྲི་8.6ལ་སྨན་བཅོས་དང་སློབ་ཞུགས་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱས་པ། ལས་ཞུགས་དང་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཐེངས་ཁྲི་2.2བྱས་ཡོད།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་དུ་གྲོང་སྡོད་ལས་བྱེད་པ་དང་མང་ཚོགས་ཚོས་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་གངས་ལྗོངས་ས་མཐོར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།