དབུ་ཤོག>ཆེད་སྒྲིག
  • ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་དེ་བས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-15

     མིག་སྔར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཡུག་ཁུལ་ཁག་ཚང་མར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། མིག་དམར་གྱིས་འགན་འཁུར་བའི་རྔ་ཆེན་ཡུག་ཁུལ་ཨང་གཉིས་པར་ནགས་བཟོ་མུའུ་3000ལྷག་ཙམ་བྱ་རྩིས་ཡོད་པ་དང་། ལས་ཡུལ་དུ་ལས་མི་300ལྷག་ཙམ་གྱིས་ལྕང་སོན་དབོར་བ་དང་། དོང་ཁུང་འདྲུ་བ། ལྕང་སོན་འདེབས་པ། ཆུ་འདྲེན་པ་ལ་སོགས་ཚང་མའི་ལས་བགོས་ཁ་གསལ་ལ་གོ་རིམ་ལྡན་པ་ཞིག་ཡོད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱིས་ཡོངས་བསྒྲགས་བྱས་པའི《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱིའི་འཆར་འགོད(2021ལོ་ནས་2030ལོ་བར)》ལ་གཞིགས་ན། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་206.7ལེགས་སྒྲུབ་བྱ་རྒྱུ་ཡིན་པའི་ནང་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་120.6དང་། རི་རྒྱ་བསྡམས་ནས་ནགས་གསོ་དང་རྩྭ་གསོ(གནམ་གྲུས་སོན་གཏོར་ནགས་གསོ་ཚུད་པ)མུའུ་ཁྲི་83.9 ནགས་ཚལ་མུའུ་ཁྲི་2.2ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    ལས་གྲྭ་དེས་ལྷ་སའི་སྐྱིད་ཆུ་གཙོ་རྐང་དུ་བྱེད་པ་དང་རིའི་གཞོགས་གཉིས་ཀྱི་མཐོང་ཐུབ་པའི་ཁྱབ་ཁོངས་གཙོ་གནད་དུ་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་། གོང་དཀར་རྫོང་བཅས་རྫོང(ཆུས)9ཡི་ཤང་དང་གྲོང་རྡལ་35དང་འབྲེལ་བ་ཡོད་པ་རེད།

    ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་བློ་བཟང་རྡོ་རྗེས། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ནགས་བཟོའི་ལས་གྲྭ་ཆེ་ཤོས་ཤིག་རེད། འཆར་འགོད་ལ་གཞིགས་ན། 2030ལོར་སླེབས་སྐབས་ནགས་བཟོའི་རྒྱ་ཁྱོན་དེ་ད་ཡོད་ཀྱི་ལྷོ་རིའི་སྔོ་འགྱུར་རྒྱ་ཁྱོན་གྱི་ལྡབ་600ཟིན་རྒྱུ་རེད། ང་ཚོས་ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་ལོ་བཅུའི་ནང་ལྷ་ས་གཡུ་ཡི་གཞོང་པར་འགྱུར་བ་བྱས་ནས། ལྷ་ས་འདི་ཉིད་སྐྱེ་ཁམས་ལེགས་ཤིང་སྡོད་མལ་ལ་འཚམ་པའི་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཏེ“དུས་བཞིའི་སྔོ་ལྗང་ཁུལ”དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་བཀྲག་མདངས་འཚེར་བའི་གཞི་གདན་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    བྱང་རིར་གནས་པའི་གདོང་དཀར་ཡུག་ཁུལ་ཨང་གསུམ་པར་བོད་ལྗོངས་རྒྱལ་ཁབ་ས་ཆ་སྐྱེ་ཁམས་སྔོ་འགྱུར་ཚོགས་པའི་ལག་རྩལ་པ་རེན་ཝུའེ་ཡིས་ཉིན་20ལྷག་ཙམ་གོང་བཏབ་པའི་གསོམ་ཤིང་ལ་ཞིབ་ཕྲ་ལྟ་བཞིན་ཡོད། “གཟིགས་དང་། ལྕང་སོན་སྐྱེ་འཚར་ཡག་པོ་བྱུང་འདུག”རེན་ཝུའེ་ཡིས“ཟླ་5ཚེས་5ཉིན་བར་ང་ཚོས་སྐྲུན་འགན་འཁུར་བའི་ཡུག་ཁུལ་དེར་ལྕང་སོན་རྐང་ཁྲི་3.7ལྷག་ཙམ་བཙུགས་པ་དང་ལྕང་སོན་ཚང་མར་ཆུ་བཏང་ཟིན། ཉེ་ཆར་ང་ཚོས་ད་དུང་འགྱིག་ཤོག་སྲབ་མོ་འདིང་བའི་ལས་དོན་ཚོད་ལྟའི་ངང་སྤེལ་གྱི་ཡོད། མིག་སྔར་འགྱིག་ཤོག་3500ལྷག་ཙམ་བཏིང་བ་དང་། ལྕང་སོན་ལ་ཆུ་སྲུང་དང་དྲོད་སྲུང་ལག་རྩལ་སྤྱད་པ་བརྒྱུད་ཤིང་འཛུགས་ནགས་བཟོར་ཕན་འབྲས་དེ་བས་ལེགས་པ་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།