དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྲིད་སྐྱོང་གི་ཆ་རྐྱེན་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཇི་ལྟར་བརྒྱབ་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    ལན། 《གྲོས་ཆོད》ནང“ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་གིས་སྲིད་སྐྱོང་གི་ཆ་རྐྱེན་འོག་ཏང་འཛུགས་སྐྱོང་གི་ཞིབ་འཇུག་བྱ་གཞི་གལ་ཆེན་གཙོ་གནད་ཐོག་བཏོན་ནས་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་ཐད་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་གི་འགོ་ཁྲིད་སྲ་བརྟན་དུ་བཏང་ཡོད”ཅེས་བསྟན་ཡོད། རང་རེའི་ཏང་ལ་སྲིད་སྐྱོང་གནས་བབ་ཐོབ་རྗེས་རྒྱལ་ཡོངས་ཀྱི་སྲིད་དབང་ལ་འགོ་ཁྲིད་བྱེད་མཁན་ཏང་ལ་གྱུར་པར་དམིགས་ནས། ཇི་ལྟར་བྱས་ཏེ་ཏང་གི་གནས་བབ་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དེ་རིགས་དང་དེ་བས་འཚམ་པར་བྱེད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གོར་འགོ་ཁྲིད་བྱས་ནས་བདེ་བླག་ངང་སྤྱི་ཚོགས་རིང་ལུགས་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཚད་ལྡན་གྱི་སྲིད་སྐྱོང་ཏང་ཞིག་འཛུགས་སྐྱོང་ཇི་འདྲ་བྱེད་མིན་དེ་ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་དེ་དུས་བཏོན་པ་དང་ཕྱིས་སུ་ཡང་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཏང་གིས་རྒྱལ་ཡོངས་སུ་སྲིད་སྐྱོང་སྐབས་འཕྲད་སྲིད་པའི་འགྲན་སློང་གསར་པ་སྔོན་དཔག་གང་ལེགས་ཐུབ་ཡོད། བཅིངས་འགྲོལ་དམག་འཐབ་ལ་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་ཁ་མ་འཐོབ་གོང་འཚོགས་པའི་ཏང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བློ་མཐུན་མའོ་ཙེ་ཏུང་གིས་ཏང་ཡོངས་ལ་ང་རྒྱལ་ཁེངས་དྲེགས་དང་བྱས་རྗེས་ཡོད་མཁན་ཡིན་པའི་རློམ་སེམས་མ་ཐོན་དོགས་ཟོན་དང་། འབྱོར་ལྡན་གྲལ་རིམ་གྱི་རལ་གྲི་དར་བཏུམས་ཀྱི་ཚུར་རྒོལ་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་བ་མ་ཟད། ཏང་ཡོངས་ཀྱི་བློ་མཐུན་ལ་ངེས་པར་དུ་ཁེངས་སྐྱུང་དང་། གཟབ་ནན། ང་རྒྱལ་དང་འཚབ་འཚུབ་སྤོང་བ་བཅས་ཀྱི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་དང་། ངེས་པར་དུ་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་བསླབ་བྱ་གནང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་གིས་སྲིད་སྐྱོང་ཆ་རྐྱེན་འོག་གི་ཏང་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་ཐད་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་གི་འགོ་ཁྲིད་སྲ་བརྟན་དུ་བཏང་ཡོད།

    དང་པོ། ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། 1951ལོའི་ཟླ་2པར་ཀྲུང་གུང་ཀྲུང་དབྱང་གིས《རིགས་པའི་གཞུང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》བཟོས་ཏེ། ཏང་ཡོངས་ལ་ཆབ་སྲིད་ཀྱི་རྒྱུན་ཤེས་དང་། རིགས་པའི་གཞུང་ལུགས་ཀྱི་རྒྱུན་ཤེས། རིགས་པའི་གཞུང་ལུགས་ཀྱི་གསུང་རྩོམ་བཅས་ཀྱི་རིམ་པ་གསུམ་ལ་གཞིགས་ཏེ། གོམ་པ་རིམ་བགྲོད་ཀྱིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཆ་ལག་ཚང་བའི་སྒོ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། 1954ལོའི་ཟླ་12པར་སླར་ཡང་ལས་བྱེད་པ་རེས་སྐོར་གསོ་སྦྱོང་གི་ལམ་ལུགས་བཙུགས་ཏེ། འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་ཏང་ཡོངས་ཀྱི་ཕྱོགས་ཁག་གི་མཐོ་རིམ་དང་འབྲིང་རིམ་ལས་བྱེད་པ་རྣམས་ཏང་གི་སློབ་གྲྭར་རེས་སྐོར་གསོ་སྦྱོང་ལ་སྐོང་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བྱ་ཐབས་དེ་དག་གིས་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

    གཉིས་པ། སྤྱོད་ཚུལ་དག་ཐེར་དང་ཏང་དག་ཐེར་བྱས་ཤིང་། 1950ལོའི་ཟླ་5པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོངས་དང་དམག་ཡོངས་སུ་སྤྱོད་ཚུལ་དག་ཐེར་གྱི་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན》བཏོན་ཏེ། ཏང་ཡོངས་ཀྱི་སྤྱོད་ཚུལ་དག་ཐེར་ནན་པོ་བྱེད་དགོས་པ་མ་ཟད། དང་ཐོག་ལས་བྱེད་པའི་སྤྱོད་ཚུལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། སྤྱོད་ཚུལ་དག་ཐེར་གྱི་ལས་འགན་གཙོ་བོ་ནི་ལས་བྱེད་པ་དང་ཏང་ཡོན་དཀྱུས་མའི་བསམ་བློའི་ཆུ་ཚད་དང་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ལས་ཀའི་ཁྲོད་ཐོན་པའི་ནོར་འཁྲུལ་ཁྱད་བསད་དང་། བྱས་རྗེས་ཡོད་མཁན་ཡིན་པར་རློམ་པའི་ང་རྒྱལ་དང་ཁེངས་དྲེགས་ཀྱི་བསམ་བློ་ཁྱད་བསད། དཔོན་ཉམས་རིང་ལུགས་དང་བཀའ་འབེབས་རིང་ལུགས་ཁྱད་བསད་བཅས་བྱས་ཏེ། ཏང་དང་མི་དམངས་དབར་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུ་དེ་རེད། ཁག་བགོས་ནས་དག་ཐེར་གསོ་སྦྱོང་བྱས་རྗེས་སྤྱོད་ཚུལ་དག་ཐེར་ལས་འགུལ་1950ལོའི་ལོ་མཇུག་ཏུ་མཇུག་འགྲིལ་ཞིང་། སྤྱོད་ཚུལ་དག་ཐེར་བྱས་པ་བརྒྱུད། ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་ཐེབས་ཏེ་རྒྱ་ཆེའི་ཁུལ་གསར་དུ་ས་ཞིང་སྒྱུར་བཀོད་བྱེད་པར་རྩ་འཛུགས་དང་ལས་བྱེད་པའི་གྲ་སྒྲིག་བྱས་ཡོད། 1951ལོའི་ཟླ་3པ་ནས་4པའི་བར། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་ཏང་ཡོངས་ཀྱི་གཞི་རིམ་རྩ་འཛུགས་ལ་ཡོངས་ཁྱབ་དག་ཐེར་ཐེངས་གཅིག་བྱ་རྒྱུ་དང་། ཏང་ཡོན་ཡོངས་ཀྱི་ཁྲོད་དུ་གུང་ཁྲན་ཏང་ཡོན་ལ་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་བརྒྱད་སྐོར་གྱི་སློབ་གསོ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་མདུན་ལམ་སྐོར་གྱི་སློབ་གསོ་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། དེའི་རྨང་གཞིའི་ཐོག་ཏང་ཡོན་མི་རེ་ངོ་རེར་ཞིབ་བཤེར་དང་ཐོ་འགོད་ནན་ཏན་བྱས་ནས་ནོར་འཁྲུལ་ཚབས་ཆེན་ཤོར་མཁན་དང་ཏང་ཡོན་གྱི་ཆ་རྐྱེན་མ་འཛོམས་པའི་ཏང་ཡོན་ལ་རྩ་འཛུགས་ནས་ཐག་གཅོད་བྱས་ཡོད། 1951ལོའི་ལོ་སྨད་ནས་བཟུང་ཏང་ཡོངས་སུ་དག་ཐེར་བྱེད་འགོ་ཚུགས་པ་དང་1954ལོའི་དཔྱིད་ཀར་གཞི་རྩའི་ཐོག་མཇུག་འགྲིལ་ཡོད། ཏང་ཡོངས་སུ་དག་ཐེར་བྱས་པ་བརྒྱུད་ཏང་རྩ་འཛུགས་ཀྱི་དྭངས་གཙང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད།

    གསུམ་པ། ཏང་གི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཅིང་། 1954ལོའི་ཟླ་2པར་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཏང་གི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་ཞིང་། གྲོས་ཆོད་ནང་ཏང་གི་མཐུན་སྒྲིལ་གྱི་ལྟེ་བ་ཉག་གཅིག་ནི་ཏང་ཀྲུང་དབྱང་ཡིན་པས། ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་ལ་འགོག་རྐྱེན་བཟོ་བ་དང་། ཀྲུང་དབྱང་གི་མཐུན་སྒྲིལ་དང་སྙན་གྲགས་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་དང་བྱ་སྤྱོད་གང་རུང་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས་པ་དང་། རང་ཉིད་ཀྱིས་འགོ་ཁྲིད་བྱེད་བཞིན་པའི་ས་ཁུལ་དང་སྡེ་ཚན་དག་རང་བཙན་རྒྱལ་ལྡན་རྒྱལ་ཁབ་ལ་བརྩི་རིགས་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས། མི་སྒེར་གྱི་ཁེ་ཕན་རྩ་འཛུགས་ལས་གལ་འགངས་ཆེ་བ་བརྩི་རིགས་ལ་ངོ་རྒོལ་བྱེད་དགོས། འཚམ་པོ་མེད་པ་དང་ཐལ་དྲགས་པའི་སྒོ་ནས་མི་སྒེར་གྱི་ནུས་པ་ནན་བཤད་བྱེད་རིགས་ལ་ངོ་རྒོལ་བྱེད་དགོས། ང་རྒྱལ་ཁེངས་དྲེགས་དང་མི་སྒེར་ལ་དད་གུས་བྱེད་རིགས་ལ་ངོ་རྒོལ་བྱེད་དགོས་ཞེས་བསྟན་ཡོད། གྲོས་ཆོད་ནང་། ཏང་གི་མཐུན་སྒྲིལ་ནི་ཏང་གི་སྲོག་རྩ་ཡིན་པས་ཏང་ཡོངས་དང་ལྷག་པར་དུ་ཏང་གི་མཐོ་རིམ་ལས་བྱེད་པར་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    བཞི་པ། རུལ་སུངས་ལ་མཐའ་གཅིག་ཏུ་ཁྲིམས་གཅོད་བྱས་ཤིང་། ཏང་གིས་ཏང་ཡོན་ལས་བྱེད་པས་རུལ་སུངས་བྱེད་པ་དང་ཏང་ཡོན་གྱི་ངོ་བོ་འགྱུར་བར་དོགས་ཟོན་ཆེན་པོ་བྱས་པ་མ་ཟད། འགོག་ཟོན་ཤུགས་ཆེན་བྱས་ཡོད། ཏང་ཡོངས་ལ་དག་ཐེར་བྱེད་པའི་བརྒྱད་རིམ་ནང་རྒྱལ་ཡོངས་སུ་རྒྱུ་ནོར་ལྐོག་ཟ་ལ་ངོ་རྒོལ་དང་། ཆུད་ཟོས་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བཅས་ཀྱི“ངོ་རྒོལ་གསུམ”གྱི་ལས་འགུལ་སྤེལ་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་འོག་ཏང་སྲིད་དམག་བཅས་ཁོངས་གཏོགས་གསུམ་དུ་བགོས་ནས་རིམ་ཁག་ཐོན་འཕར་གྲོན་ཆུང་ཞིབ་བཤེར་ཨུ་ལྷན་བཙུགས་ཤིང་། འགོ་ཁྲིད་ཀྱིས་འགན་འཁུར་བ་དང་སྐུ་ངོ་མས་ལག་བསྟར་བྱེད་པ་དང་གོང་ནས་འོག་བར་དང་འོག་ནས་གོང་བར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ལྐོག་ཟ་དང་ཆུད་ཟོས་ཀྱི་སྣང་ཚུལ་ལ་ཞིབ་བཤེར་བྱེད་པ་བརྒྱུད་འཐབ་རྩོད་འདི་སྤེལ་ཡོད། 1951ལོའི་ཟླ་11པར་ཏང་ཀྲུང་དབྱང་གིས་ལིའུ་ཆིན་ཧྲན་དང་ཀྲང་ཙི་ཧྲན་གཉིས་ཀྱིས་ལྐོག་ཟ་བྱས་པའི་གྱོད་གཞི་བློ་ཐག་ཆོད་པོས་ཐག་གཅོད་བྱས་པར་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཤུགས་རྐྱེན་བཟང་པོ་ཐེབས་ནས། རུལ་སུངས་ཀྱི་སྣང་ཚུལ་རྒྱ་ཡན་དུ་འགྲོ་ཚུལ་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད། ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་གི་མཐོ་རིམ་ལས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་སྣ་ཚོགས་ལ་ངོ་རྒོལ་བྱ་ཆེད། 1955ལོའི་ཟླ་3པར་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་ས་གནས་རིམ་ཁག་གི་ལྟ་ཞིབ་ཨུ་ལྷན་འཛུགས་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ཀྲུང་དབྱང་ལྟ་ཞིབ་ཨུ་ལྷན་བདམས་ཐོན་བྱུང་ཡོད།

    ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་ཏང་ཡོངས་སུ་སྲིད་སྐྱོང་དང་ཏང་འཛུགས་སྐྱོང་གི་གནད་དོན་གཙོ་གནད་ཐོག་བཏོན་ནས་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་དང་འགོ་ཁྲིད་མཉམ་སྡེབ་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། མི་སྒེར་ལ་དད་གུས་བྱེད་པར་ངོ་རྒོལ་བྱེད་པ། ཏང་ནང་ཁུལ་གྱི་དམངས་གཙོ་དང་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་དགོས་པ་བཅས་ནན་བཤད་བྱས་ཡོད། ཏང་གི་ཚོགས་ཆེན་བརྒྱད་པ་འཚོགས་རྗེས། ཏང་འཛུགས་སྐྱོང་དེ་སྤྱི་ཚོགས་རིང་ལུགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ནས་ཀྱག་ཀྱོག་ཁྲོད་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་སྤེལ་བཏང་བ་དང་། ལྷག་པར་དུ་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། སྟོབས་ཤུགས་གསར་པ་གསོ་སྐྱོང་དང་གནས་སྤར་བྱེད་པ་སོགས་ཀྱི་ཐད་དཀའ་སྤྱད་འཚོལ་ཞིབ་བྱས་ཡོད། བྱེད་ཐབས་གལ་ཆེན་དེ་དག་ལས་ཏང་གི་དྭངས་གཙང་རང་བཞིན་དང་ཏང་ཡོངས་ཀྱི་མཐུན་སྒྲིལ་ཇེ་ཟབ་ཏུ་ཕྱིན་པ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཇེ་དམ་དུ་སོང་ནས་སྲིད་སྐྱོང་དང་ཏང་འཛུགས་སྐྱོང་གི་ཉམས་མྱོང་རགས་ཙམ་བསགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།