དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོར་ལང་ཚོ་སྐྱེས་སུ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-11

    ཉིན་ཤས་གོང་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ལྷུན་གྲུབ་རྫོང་གླང་ཐང་གྲོང་ཚོའི་ལྷ་སའི་གློག་སྒྱུར་ས་ཚིགས་སུ་བསྐྱོད་པ་ཡིན། དེ་གར་ས་བབ་མཐོ་ཚད་སྨི་3825ཡོད་པ་དང་དེ་ནི་མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་མཐོ་གྲང་ས་ཁུལ་གྱི་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་±སྟོང་ཕུའུ་400ཡི་གློག་སྒྱུར་ས་ཚིགས་རེད།

    མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་ནི་རང་རྒྱལ་གྱི་ནུབ་རྒྱུད་གསར་འབྱེད་ཆེ་མོའི་འཐབ་ཇུས་ཀྱི་གཙོ་གནད་རྣམ་གྲངས་ཤིག་རེད། མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་དྲ་སྦྲེལ་ལས་གྲྭའི་འཕྲོད་སྣེའི་ས་ཚིགས་ཡིན་པའི་ལྷ་ས་གློག་སྒྱུར་ས་ཚིགས་2011ལོའི་ཟླ་12ཚེས་9ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེ་གར་ཚོད་འཛིན་སྙོམ་སྒྲིག་མ་ལག་དང་སྲུང་སྐྱོང་མ་ལག་སོགས་སྒྲིག་ཆས་1275ཡོད།

    ལྷ་ས་ཁྲེང་ཀོན་ཆུས་ནས་རྒྱལ་ལམ་561བརྒྱུད་དེ་སྐྱོད་ཚེ། ལྷ་སའི་གློག་སྒྱུར་ས་ཚིགས་བར་ཉུང་མཐར་ཡང་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་2སྐྱོད་དགོས་ཀྱི་ཡོད། ང་ཚོ་དེ་གར་འབྱོར་སྐབས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཀྲེན་ཀྲང་གཞོན་པ་ཧྲོའེ་ནེང་གིས། ལྷ་སའི་གློག་སྒྱུར་ས་ཚིགས་ལ་ལས་མི་52ཡོད་པ་དང་དེ་དག་གི་ཆ་སྙོམས་ལོ་ཚད་ལོ་26ལས་བརྒལ་མེད། གཞན་ཡང་། གློག་སྒྱུར་ས་ཚིགས་དེར་ལས་མི་བུ་མོ་12ཡོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཁོངས་གཏོགས་ཀྱི་བུ་མོ་མང་ཤོས་ཀྱི་ས་ཚིགས་ཤིག་རེད་ཅེས་གསར་འགོད་པར་བརྗོད་བྱུང་།

    “དེ་གར་ལས་ཀ་བྱེད་དུས་ཁེར་རྐྱང་དང་ཡུལ་པོའི་སྣང་བ་འདུག་གམ”ཞེས་གསར་འགོད་པས་དྲིས།

    “ང་དང་བཟའ་ཟླ་གཉིས་ཀ་དེ་གར་ལས་ཀ་བྱེད་ཀྱི་ཡོད། དེ་དག་ནི་ང་ཚོའི་ཁྱིམ་ལྟ་བུ་ཡིན”ཞེས་ཧོའུ་ཞན་ཐིང་གིས་ལམ་སེང་ལན་བཏབ།

    “སྒྲིག་ཆས་མང་པོར་བདག་སྐྱོང་བྱེད་དགོས་པས་ཉིན་ལྟར་ལས་ཀ་མང་པོ་ཡོད”ཅེས་ཧོའུ་ཞན་ཐིང་གི་ལས་རོགས་ཀྲོའུ་ཧྲེང་ལིས་དེ་ལྟར་བརྗོད་བྱུང་།

    ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་ཡིན་པའི་ཁོ་གཉིས་ནི་མཚོ་སྔོན་མཚོ་ཤར་ནས་ཡིན་པ་དང་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཀྱང་རེད། ས་ཚིགས་སུ་སླེབས་རྗེས་ཚོགས་ཆུང་གཅིག་ལ་ལས་བགོས་བྱས་ཡོད། དུས་རྒྱུན་ཁོ་གཉིས་གྲོགས་མོ་ཡིན་ལ། སྔ་རྗེས་སུ་ས་ཚིགས་ཀྱི་ཕ་ཡུལ་གཅིག་པ་དང་གཉེན་སྒྲིག་བྱས་ནས་གློག་སྒྱུར་ས་ཚིགས་སུ་ཁྱིམ་ཚང་ཟིན་པ་རེད།

    ཁོ་གཉིས་ཀྱིས་གསར་འགོད་པར་གློག་སྒྱུར་ས་ཚིགས་སུ་ལས་ཀ་བྱེད་དུས་ཕོ་མོའི་དབྱེ་བ་མེད། ཐོག་མར་ལས་ཀར་ཞུགས་སྐབས་སྒྲིག་ཆས་དེ་ཚོར་རྒྱུས་མངའ་ཡོང་ཆེད། མཐོ་ཚད་སྨི་6ཟིན་པའི་ལས་སྒོའི་འཁོར་ཁང་སྟེང་འཛེགས་དགོས་པ་དང་། ལྷག་པར་དུ་གངས་དང་ཆར་པ་བབས་པ་དང་རླུང་ཆེན་ལྡང་བ་སོགས་གནམ་གཤིས་ངན་པ་བསྟན་དུས་གྱོན་གོས་མ་ཕུད་པར་ཉལ་ནས་བཀའ་སྒུག་དགོས་ཀྱི་ཡོད།

    གློག་ཤུགས་རིམ་པ་མཐོ་བའི་ས་ཚིགས་ཀྱི་ལས་དོན་མི་སྣ་ཡིན་པའི་ངོས་ནས་རྟག་ཏུ་ས་ཚིགས་ཀྱི་ལས་གནས་བརྟན་སྲུང་བྱེད་དགོས་ཀྱི་ཡོད། དེ་གའི་མི་ཚང་མས་བློས་གཏོང་མང་པོ་བྱས་ཡོད། ལྷག་པར་དུ་ཧྲོའེ་ནེང་གིས་བློས་གཏོང་དེ་བས་མང་བ་བྱས་ཡོད།

    ཁོང་ལྷ་སའི་གློག་སྒྱུར་ས་ཚིགས་བཙུགས་དུས་ནས་དེ་གར་སླེབས་པ་དང་ད་བར་ལོ་10ཙམ་སོང་ཡོད། ལོ་10ཡི་རིང་ཁོང་གིས་མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་རྩིས་ལེན་དང་བེད་སྤྱོད་ལས་དོན་ནང་ཞུགས་པ་མ་ཟད། ལོ་བཤེར་དང་དཔྱིད་བཤེར་གྱི་ཚོད་ལྟར་ཡང་ཡང་ཞུགས་ནས། བོད་ལྗོངས་གློག་དྲའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་དཔང་པོ་བྱས་པ་དང་ལྷ་སའི་གློག་སྒྱུར་ས་ཚིགས་ཀྱི་ལག་རྩལ་འགན་འཁུར་བར་རིམ་བཞིན་འཚར་ལོངས་བྱུང་། ཁོང་གིས་ལང་ཚོའི་དུས་སྐབས་ཡག་ཤོས་སུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་ཡོད།

    རང་ཉིད་ཀྱི་མི་ཚེའི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཐུབ་ཆེད། ལས་དོན་སྒྲུབ་རིམ་བཞིན་ཁོང་གིས་ལས་ཡུལ་དུ་སྔ་ཤོས་ཡོང་ནས་སྒྲིག་ཆས་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད།

    ད་ཆ་མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་བདེ་འཇགས་ངང་འཁོར་རྒྱུག་བྱས་ནས་ལོ་10ལྷག་ཙམ་སོང་བས་ལྟེ་བའི་ལས་གྲྭ་ཡིན་པའི་ལྷ་སའི་གློག་སྒྱུར་ས་ཚིགས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད། འཁོར་སྐྱོད་བྱས་པ་ནས་ད་བར་ཐད་རྒྱུག་ཕྱིར་གཏོང་ལ་ཕན་འབྲས་གང་ཡང་ཐོན་མེད་པ་ནས་ཕྱིར་གཏོང་གློག་འབོར་རིམ་བཞིན་འཕར་བའི་བར་དང་། གཞན་བརྟེན་རོགས་སྐྱོར་བྱེད་པ་ནས་རང་བརྟེན་འཁོར་སྐྱོད་ཐུབ་པའི་བར། ཐོག་མའི་སྣེ་གཉིས་གཏོང་འདྲེན་ཤུགས་ཚད་ཆེ་ཤོས་ཀྲའོ་ཝ་135ནས་ན་ནིང་གི་ལོ་མཇུག་བར་གྱི་ཆན་ཝ་དུང་ཕྱུར་143.7བར་ལྷ་སའི་གློག་སྒྱུར་ས་ཚིགས་ཀྱིས་གཙོ་རྐང་གི་ནུས་པ་བཏོན་ཡོད།

    གྲུབ་འབྲས་ནི་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱས་པ་དང་། ལོ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། གཉེན་ཉེ་དང་མཉམ་འཛོམས་བྱེད་པའི་དུས་ཚོད་བློས་གཏོང་བྱས་པ། གྲོང་ཁྱེར་གྱི་འཁྲུག་ཆ་དོད་པའི་འཚོ་བ་དང་ཁ་བྲལ་བ། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ས་ཆར་ལེགས་སྐྱེས་ཕུལ་བ་བཅས་ལས་བྱུང་བ་ཞིག་རེད།

    ཁོ་ཚོ་ནི་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་དང་དཀའ་སྤྱད་འབད་འཐབ་བྱེད་མཁན། ལས་འགན་ལྕི་པོ་འཁུར་ཕོད་པ་དང་འཁང་ར་སྤུ་ཙམ་ཡང་མི་བྱེད་པ། དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་མཁན་བཅས་ཀྱི་རྒྱུན་འཛིན་པ་རེད། ཁོ་ཚོ་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ན་གཞོན་ལས་མི་5000གིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསྡུས་རིས་ཤིག་རེད། ཁོང་ཚོས་ལང་ཚོ་དང་སྤྲོ་སེམས་ཆེན་པོར་བརྟེན་ནས་ལས་ཀར་འཛིན་པའི་དགའ་ཞེན་དང་མཐའ་མཚམས་གློག་ཤུགས་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།