བརྗིད་ཆགས་ས་མཐོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རི་མོ་གསར་པ་བྲིས་པ།
ལྷ་ཀླུ་འདམ་རར་སྐྱོད་སྐབས་གསར་འགོད་པས་ཁོ་ར་ཁོར་ཡུག་ཀུན་སྔོ་ལྗང་གོས་ཀྱིས་བཀླུབས་ཏེ་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མཐོང་བྱུང་ལ། རྒྱང་རིང་གི་མུ་ལ་མུ་འབྲེལ་བའི་རི་རྒྱུད་ཀྱི་དབུས་སུ་ཕོ་བྲང་པོ་ཏ་ལ་བརྗིད་ཆགས་ཡིད་དུ་འོང་ཞིང་། ཉེ་འགྲམ་དུ་དུས་བྱ་ཁྱུ་དང་ཁྱུ་ཆུ་ནང་དུ་རྩེད་འཇོར་རོལ་བཞིན་འདུག འཆམ་འཆམ་དུ་འགྲོ་མཁན་གྱི་ཡུལ་སྐོར་བ་དང་གྲོང་མི་ཚང་མས་འདམ་རའི་ལྗོན་པའི་བསིལ་གྲིབ་དང་། རྐང་ལམ། མཛེས་ལྗོངས་སྒང་བཅས་ནས་རང་བྱུང་ཁམས་ཆེ་མོའི་སྐྱེ་ཁམས་ཀྱི་མཛེས་སྡུག་ཉམས་སུ་མྱོང་ཆོག
མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཙོ་གནད་ལས་དོན་ལ་དམིགས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཡོད།
ལྗང་མདོག་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་ཞབས་འདེགས་ཧུར་ཐག་ཞུས་ནས་མཐོ་གསར་གྲངས་གཞི་དང་། སྐྱེ་ཁམས་ཞིང་འབྲོག ཁྱད་ལྡན་ཡུལ་སྐོར་སོགས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས་ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རགས་ཙམ་ཆགས་ཡོད།
“དེ་སྔོན་འདི་གར་ཐང་རྒོད་ཡིན་ཡང་ད་ཆ་སྐྱེ་ཁམས་ཐོན་ལས་གླིང་དུ་གྱུར་ནས་གང་སར་མེ་ཏོག་བཞད་ཡོད་ལ། འབྲས་ཤིང་ཡང་མང་པོ་སྐྱེས་ཡོད། ཤིས་ཀྭ་དང་། རྒུན་འབྲུམ། འབྲི་ཏ་ས་འཛིན་སོགས་ཀྱང་སྐྱེ་ཡི་འདུག་པས་ང་ཚོར་ཁྱིམ་གྱི་སྒོ་རྩར་ལས་ཀ་རག་བྱུང”ཞེས་ཡར་ཀླུང་གཙང་པོའི་ངོགས་སུ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཤིས་ཕུ་ནུས་ཆེའི་ཞིང་ལས་ཐོན་ལས་གླིང་གི་ལས་མི་བློ་བཟང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དབྱི་ལི་ཚོགས་པ་དང་མོང་ཚའོ་ཚོགས་པ་སོགས་ཚན་རྩལ་ཀུང་སི་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་བཅའ་སྡོད་བྱེད་པར་གདན་དྲངས་ཏེ་བྱེ་འགོག་བྱེ་བཅོས་ཐད་ཚན་རྩལ་མཐོ་བའི་བྱེད་ཐབས་སྤྱད་པས་བྱེ་འགྱུར་ས་ཆ་ཆེ་རུ་འགྲོ་བཞིན་པ་ཆུང་དུ་ནུས་ལྡན་ཕྱིན་ཡོད། ད་ཆ་ཡར་ཀླུང་གཙང་པོའི་ལྷོ་ཁ་དུམ་བུའི་བྱང་ངོགས་སྔོ་ཐིང་ཐིང་དུ་གྱུར་ནས“ལྗང་མདོག་བར་ཁྱམས”ཤིག་ཆགས་ཡོད།
ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་བོད་ལྗོངས་ཡན་ལག་ཀུང་སི་བོད་ལྗོངས་སུ་བཅའ་སྡོད་བྱས་ཚུན“ཆུ་མཛོད་གཅིག་བསྐྲུན་པ་དང་། མཛད་རྗེས་རྡོ་རིང་གཅིག་འཛུགས་པ། ཡུལ་ཕྱོགས་གཅིག་གི་མི་སེར་ལ་བདེ་སྐྱིད་བསྐྲུན་པ”བཅས་ཀྱི་འདུ་ཤེས་ལ་གཞིགས་ནས་བོད་ཀྱི་སྐྱེ་ཁམས་དང་འཕེལ་རྒྱས་ལ་འཚམ་པའི་ཆུ་བེད་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་ལེགས་སྐྱེས་ཕུལ་ཡོད། “ང་ཚོས་ས་མཐོའི་སྐྱེ་ཁམས་ཉམས་ཞན་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པས་ཆུ་རགས་སྐྲུན་རིང་རྒྱུན་གཏན་གྱི་ཨར་འདམ་གྱི་བྱེ་རྡོས་བ་ཚྭ་ཅན་གྱི་ཨར་འདམ་གྱི་བྱེ་རྡོའི་ཚབ་བྱས་ནས་བཙོག་ཆུ་གཙང་གསིང་རྫིང་བུ་དང་། གད་སྙིགས་རྫིང་བུ། སྙིགས་རོ་ཁུལ་སོགས་བསྐྲུན་ནས་རྣམ་གྲངས་ཁུལ་ཁོངས་ལས་ཁོར་ཡུག་ལ་གཏོར་སྐྱོན་མི་ཐེབས་པ་བྱེད་གང་ཐུབ་བྱས་ཡོད”ཅེས་ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་བོད་ལྗོངས་ཡན་ལག་ཀུང་སིའི་ཅིང་ལི་ལིའུ་ཏན་ཀྲུང་གིས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས། རླུང་ནུས་བཅས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་རིམ་རྩིས་བྱས་ན་ཆན་ཝ་དུང་ཕྱུར་10.6ཟིན་པ་དང་། གློག་གཏོང་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་423ཟིན་པ། ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱིས་བསྡུར་ཚད་89.09%བཟུང་ཡོད་པ་རེད། ད་ཆ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་པ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ནས་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཐེབས་བཞིན་ཡོད།
ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ལྗང་མདོག་གི་ཡོང་འབབ་མང་དུ་བཏང་བ།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་རང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རང་འགུལ་ངང་སྤྱི་འདོམས་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཆ་དང་ཐོན་སྐྱེད་བྱེད་སྟངས་གང་མགྱོགས་ཆགས་པར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད་ལ་མང་ཚོགས་ཀྱི་ལྗང་མདོག་ཡོང་འབབ་ཀྱང་མང་དུ་བཏང་ཡོད།
གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་ནས་གནམ་མཚོར་སྐྱོད་སྐབས་ཁ་བས་བཀླུབས་པའི་གངས་རི་དང་། སྤྲིན་དཀར་ཚོམ་བུས་བརྒྱན་པའི་དགུང་སྔོན། དྭངས་ཤིང་གཙང་བའི་མཚོ་མོ་བཅས་ལས་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ་ནས་ལྟ་བས་མི་ངོམ་པ་ཞིག་མཆིས། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས་འདམ་གཞུང་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་6.36ཙམ་བཏང་སྟེ་གནམ་མཚོ་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་བས་གནམ་མཚོ་འབབ་རྒྱུད་ཀྱི་འདམ་གཞུང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
གཞན་ཡང་། འདམ་གཞུང་རྫོང་གིས་ད་དུང་ཕུན་སུམ་ཚོགས་པའི་ཆུ་དང་། འཁྱག་རོམ། རྩྭ་ར་སོགས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འདམ་གཞུང་རྫོང་གིས་རྩྭ་ཕྱུགས་དོ་སྙོམས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ས་གཙང་འབྲོག་ར་སྒྱུར་བཅོས་ཚོད་ལྟའི་ས་ཚིགས་བཙུགས་པ་དང་། ཁྱིམ་ཚང་འབྲོག་ར་15བཙུགས་པ། སྐྱེ་ཁམས་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་བསྐྲུན་པ། འབྲི་གཡག་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། འདམ་གཞུང་རྫོང་གི་ཁུངས་གསལ་པོ་འདེད་ཐུབ་པའི་ཚགས་ཤའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་བ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་ཡག་པོ་ཐོན་ཡོད། 2020ལོའི་ལོ་མཇུག་བར་ཁུངས་གསལ་པོ་འདེད་ཐུབ་པའི་ཚགས་ཤའི་ཐོན་འབབ་ཏུན་500ལྷག་ཙམ་ཟིན་པ་དང་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་བྱུང་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པས་མི་ཚང་མ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་དབང་ཕྱུག་གིས་གསར་འགོད་པར་སྔོན་ཆད་ཁྱིམ་གྱི་འབབ་ཁུངས་ཤིང་ཚོང་རྒྱག་པ་དང་། ཕྱུགས་འཚོ་བ། ཞིང་འདེབས་པ་བཅས་གསུམ་ལས་མེད་པས་འཚོ་བ་ཐབས་ཆག་རེད། ད་ཆ་ཁྱིམ་ཚང་མགྲོན་ཁང་དང་། སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་དངུལ། ཕྱུགས་འཚོ་བ། ཞིང་འདེབས་པ་བཅས་འབབ་ཁུངས་ཁག་བཞི་ཙམ་ཡོད་པ་དང་། མགྲོན་ཁང་ཁོ་ནར་ལོ་རེར་ཡོང་འབབ་སྒོར་ཁྲི་20ཡོང་གི་འདུག་ཅེས་བརྗོད། “རི་ཁའི་ལྟོ་རྟེན་རི་ཡིན་ཞེས་ཟེར་སྲོལ་ཡོད་ཀྱང་། འཚོ་བ་སྐྱིད་པོ་ནི་ཤིང་ཚོང་བརྒྱབ་ནས་བྱུང་མི་སྲིད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་རྩྭ་རྩི་ཤིང་ཐམས་ཅད་ལས་ཡོང་འབབ་གསོག་ཐུབ” ད་ཆ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་ཉིང་ཁྲིའི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཡོད།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་མང་ཚོགས་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ཡོད་པ་རེད། “ཉེ་བའི་ལོ་ཤས་རིང་། ང་ཚོ་རྒྱལ་སྨན་ཤང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཁོངས་གཏོགས་ཁུལ་གྱི་ཤྭ་བ་མཆུ་དཀར་དང་། གནའ་བ། ངང་སེར་སོགས་རི་སྐྱེས་སྲོག་ཆགས་འཕེལ་ཚད་དང་གསོན་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་མཁའ་རླུང་ཡང་སྔར་ལས་གཙང་དུ་ཕྱིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་ཤང་ཀྲང་པད་མ་ནོར་བུས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྨན་ཤང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་ཀའི་འཆར་གཞིའི་ནང་བཅུག་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་སྐབས་རྒྱལ་སྨན་ཤང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུར་སྣང་ཆེན་བྱས་ནས་ཆུ་དཔོན་མཚོ་དཔོན་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། ཁོར་ཡུག་འཕྲོད་བསྟེན་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར། གྲོང་སྲོལ་དམངས་ཆིངས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་པས། ཤང་ཡོངས་ཀྱི་འཕྲོད་བསྟེན་ཁོར་ཡུག་བཅོས་སྐྱོང་ཐད་ཏང་ཡོན་གདོང་ལེན་པ་དང་མང་ཚོགས་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་པ་རེད།
ད་ཆ་གངས་ལྗོངས་ས་མཐོར་རི་ཆུ་ཀླུང་གསུམ་སྔོ་ཞིང་དྭངས་ལ། མཁའ་རླུང་གཙང་བས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བཀྲག་མདངས་འཚེར་བའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཅིག་བསྐྲུན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣