འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ས་སྐྱོང་གྲོང་ཚོའི་ཏེང་པ་བ་ཏི་ལུང་གིས་ལག་ཐོགས་ཁ་པར་ནས་ཐད་གཏོང་བྱེད་བཞིན་པ།
གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར“དྲ་ཐོག་ལོ་གསར་མཁོ་ཆས་ཀྱི་དུས་ཆེན”སོགས་བྲིན་ཚོང་རྒྱུ་རྐྱེན་གྱི་སྐུལ་ཁྲིད་འོག་ལྗོངས་ཡོངས་ཀྱི་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་ཡོད་པ་རེད། གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་22.3ཟིན་པ་དེ་དུས་མཚུངས་ལས་51.7%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་45.1གིས་མཐོ་བ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། དེའི་ནང་དངོས་རྫས་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་18.2ཟིན་པ་དེ་དུས་མཚུངས་ལས་47.2%འཕར་ཡོད་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་དང་དེ་བཞིན་རིམས་ནད་ས་ཆ་མང་པོར་མཆེད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རང་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་འཕར་སྣོན་བརྟན་པོར་གནོན་ཤུགས་ཆེ་རུ་ཕྱིན་ཡོད། འོན་ཀྱང་རིམས་ནད་ཀྱིས་འཛད་སྤྱོད་ཁྲོམ་རར་རྡབ་རྡེག་ཆེན་པོ་བཟོས་པ་དང་དུས་མཚུངས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཐོན་ནས་འཛད་སྤྱོད་བྱེད་སྟངས་གསར་པ་སྐྱེད་སྲིང་ཐུབ་ཡོད་པ་དཔེར་ན། ཐད་གཏོང་ཟོག་ཚོང་དང་། གྲངས་གཞིའི་ཚོང་གཉེར། ཐུག་རེག་མེད་པར་སྡེབ་སྐྱེལ་སོགས་གསར་དར་འཛད་སྤྱོད་ལས་གཉེར་སྐྱོང་བརྟན་པོ་དང་འཛད་སྤྱོད་བརྟན་པོ་ཡོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་པ་མ་ཟད། སྲོལ་རྒྱུན་གྱི་འཛད་སྤྱོད་ལ་འགྱུར་ལྡོག་གསར་པ་དང་སྤུས་མཐོ་རིམ་སྤོར་བྱུང་བ་དང་། ལྷག་པར་དུ་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད་ལ། འཛད་སྤྱོད་ཁྲོམ་ར་སླར་གསོ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྒུལ་ནུས་གསར་པ་བསྣན་ཡོད།