དབུ་ཤོག>ཆེད་སྒྲིག
  • མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གིས་རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད་ཟེར་དོན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-05

    དྲི་བ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གིས་རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད་ཟེར་དོན་གང་ཡིན།

    ལན། 《གྲོས་ཆོད》ནང་། “ཏང་གིས་འགོ་ཁྲིད་དེ་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་འཛུགས་པ་དང་སྲ་བརྟན་དུ་བཏང་སྟེ་རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད”ཅེས་བསྟན་ཡོད།

    ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བཙུགས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་འབྱོར་མེད་གྲལ་རིམ་ཀྱི་སྲིད་དབང་སྒེར་འཛིན་གྱི་གཞུང་ལུགས་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་ཀྲུང་གོའི་གནས་ཚུལ་དང་འཚམ་པའི་སྲིད་དབང་སྒེར་འཛིན་གྱི་རྣམ་པ་ཞིག་རེད། 1949ལོའི་ཟླ་6པར། བློ་མཐུན་མའོ་ཙེ་ཏུང་གིས《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གླེང་བ》བརྩམས་གནང་བ་དང་། དེའི་ནང་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྩ་བའི་གནད་དོན་རབ་དང་རིམ་པར་ཆ་ཚང་བའི་སྒོ་ནས་གསལ་བཤད་བྱས་ཡོད། རིགས་པའི་གཞུང་ལུགས་འདིར་གཞིགས་ནས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་འཛུགས་པ་དང་སྲ་བརྟན་དུ་བཏང་བས། ཀྲུང་གོ་ལོ་ངོ་སྟོང་ཕྲག་གི་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་འཛིན་གྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་བར་གྱི་རླབས་ཆེའི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་ཡོང་བར་ཆ་རྐྱེན་བསྐྲུན་ཡོད། དེའི་ཐད་གཤམ་གསལ་གྱི་ཕྱོགས་གསུམ་ནས་གོ་བ་གཏིང་ཟབ་བླངས་ཆོག་པ་སྟེ།

    གཅིག མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གིས་མི་དམངས་རང་ཁྱིམ་རང་བདག་གི་དབང་ཆ་ཁག་འགན་ལེན་ཐུབ་ནས་རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་ཡོང་བར་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་མི་དམངས་རང་ཁྱིམ་རང་བདག་གི་སྲིད་དབང་གསར་པ་ཞིག་རེད། དེས་བཤུ་གཞོག་པ་ཆེས་ཉུང་ཤས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་། ངལ་རྩོལ་མི་དམངས་རྒྱལ་ཁབ་གསར་པ་དང་སྤྱི་ཚོགས་གསར་པའི་བདག་པོར་དངོས་འབྲེལ་གྱུར་ཡོད། དེ་ནི་ཀྲུང་གོའི་མི་དམངས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་ལ་རྩ་བའི་འགྱུར་ལྡོག་བྱུང་བ་ཞིག་རེད། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་སྲོལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལས། ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པའི་ལམ་ལུགས་ཀྱི་བཀོད་པ་ཞིག་ཆགས་ཏེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས། རང་རྒྱལ་བཟོ་པའི་གྲལ་རིམ་གྱི་སྟོབས་ཤུགས་ཧ་ཅང་ཆེ་རུ་སོང་བ་དང་བཟོ་ཞིང་མནའ་འབྲེལ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། བཤུ་གཞོག་ལམ་ལུགས་རྩ་མེད་བཏང་རྗེས་བཤུ་གཞོག་གྲལ་རིམ་དེ་གྲལ་རིམ་གྱི་ངོས་ནས་བཤད་ན་སྔར་བཞིན་གནས་མེད་པ་དང་ཁོང་ཚོའི་གྲས་ཀྱི་མི་མང་ཆེ་བ་རང་ཁ་རང་གསོ་བྱེད་མཁན་གྱི་ངལ་རྩོལ་པར་གྱུར་ཡོད། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་བརྟན་དུ་བཏང་བར་བརྟེན་ཏང་གིས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དེ་བས་ལེགས་པར་ཐུབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་སྐྲུན་ཆེད་ཐུན་མོང་ཐོག་འབད་འཐབ་བྱས་ཡོད།

    གཉིས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བདེ་བླག་ངང་སྤེལ་བའི་འགན་ལེན་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་ཡོང་བར་ཞི་བདེ་དང་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་ཡོད། ང་ཚོས་མི་དམངས་ཀྱི་སྟོབས་དང་ལྡན་པའི་སྲིད་དབང་ལ་བརྟེན་ནས་ནང་ཁུལ་དུ་མགོ་རྟིང་བསློགས་པའི་བཤུ་གཞོག་གྲལ་རིམ་དང་དེའི་སྟོབས་ཤུགས་ལྷག་མར་འགོག་རྒོལ་བྱེད་པར་དྲག་གནོན་བྱས་པ་དང་། མི་དམངས་ཀྱི་འགོ་ཁྲིད་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་དྲག་པོའི་སྟོབས་ཤུགས་དང་ཇག་པ་ལྷག་མ་རྩ་མེད་བཟོས་པ། བོད་ཞི་བས་བཅིངས་འགྲོལ་བཏང་བ་བཅས་བྱས་ནས། མེས་རྒྱལ་སྐམ་ས་ཆེན་པོ་རྦད་དེ་གཅིག་གྱུར་བྱུང་བ་དང་གསར་བརྗེའི་ངོ་རྒོལ་པ་དྲག་གནོན་ཐུབ་པ་རེད། ཕྱི་ཕྱོགས་སུ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་རྩ་སློག་ལ་འགོག་རྒོལ་བྱས་པ་དང་། རླབས་ཆེ་བའི་ཨ་འགོག་ཁྲའོ་རོགས་བྱས་ཏེ་རྒྱལ་ཁ་ཡང་བླངས་པ། བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། ལ་རྒྱ་བཅས་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བདེ་བླག་ངང་སྤེལ་བའི་འགན་ལེན་བྱས་ནས། གཞི་ཁྱོན་ཆེ་བའི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་ཞིག་བརྩོན་ལེན་བྱས་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས། རང་རྒྱལ་གྱི་གྲལ་རིམ་གྲུབ་ཚུལ་དང་གྲལ་རིམ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འོན་ཀྱང་གྲལ་རིམ་འཐབ་རྩོད་དེ་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པས་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ད་དུང་དུས་ཡུན་རིང་པོར་གནས་པ་དང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ད་དུང་ཛ་དྲག་ཏུ་འགྲོ་སྲིད། ཕྱི་རྒྱལ་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཁ་ཕྲལ་དང་། སིམ་འཛུལ། རྩ་སློག གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་ཀྱང་སྔ་ཕྱི་བར་གསུམ་དུ་མཚམས་བཞག་མྱོང་མེད། དེར་བརྟེན་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་འགན་ནུས་ཉམས་ཞན་དུ་གཏོང་མི་རུང་བ་མ་ཟད། ད་དུང་སྲ་བརྟན་དུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ། རང་རྒྱལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་ལེན་བྱེད་དགོས།

    གསུམ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་མྱུར་པོ་ཡོང་བར་དགོས་ངེས་ཀྱི་དངོས་པོའི་རྨང་གཞི་ལྡན་པར་བྱས་ཡོད། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱིས་རྒྱལ་ཁབ་སྲིད་དབང་ལ་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་པའི་འགན་ནུས་གལ་ཆེན་ལྡན་ཡོད། དེའི་ཐད་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལ་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་རྐང་དུ་བྱས་པས་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ལས་ཧ་ཅང་ཆེ་བ་ཡོད། ཏང་གིས་ཐོན་སྐྱེད་འབྲེལ་བ་འཐུས་སྒོ་ཚང་དུ་བཏང་ནས་སྟེང་གི་བཀོད་པ་སྒྱུར་བཅོས་བྱེད་པ་དང་། ཆབ་སྲིད་དང་དཔལ་འབྱོར་འཚོ་བའི་ནང་གི་འབྲེལ་བ་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པ། དོན་དམ་པའི་དམངས་གཙོའི་དོ་དམ་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་ཞུགས་པའི་མི་དམངས་ཡོངས་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་བྱེད་སེམས་བཅས་འདོན་སྤེལ་གང་ཐུབ་བྱེད་པ། རྒྱལ་ཡོངས་ཀྱི་མི་ཤུགས་དང་དངོས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་བཟོ་ལས་ཅན་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་བློ་སྟོབས་ཆེར་སྐྱེད་ཀྱིས་ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་བྱ་གཞག་ནང་ཞུགས་ཡོད། ལོ་ལྔའི་འཆར་གཞི་ཁག་གཅིག་ལག་བསྟར་བྱས་པ་བརྒྱུད། རང་རྒྱལ་གྱིས་རང་བཙན་དང་ཅུང་འཐུས་སྒོ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བཙུགས་པ་དེ་ཐོག་ནས་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཐད་ཀྱི་མི་དམངས་དམངས་གཙོའི་སྲིད་དབར་སྒེར་འཛིན་གྱི་རྒྱལ་ཁབ་སྲིད་དབང་གི་ལམ་ལུགས་ལེགས་ཆ་གང་ལེགས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།