དབུ་ཤོག>ཆེད་སྒྲིག
  • བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-05

    བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་ལ་གོ་བ་ཇི་ལྟར་ལེན་དགོས་སམ། 

    ལན། 《གྲོས་ཆོད》ནང་བསྟན་དོན། “1953ལོར་ཏང་གིས་བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་དངོས་སུ་བཏོན་པ་སྟེ། དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་རིམ་བཞིན་མངོན་འགྱུར་བྱེད་དགོས”

    བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་ནི་མ་རྩ་རིང་ལུགས་ནས་སྤྱི་ཚོགས་རིང་ལུགས་ཕྱོགས་སུ་སྐྱོད་པའི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་བར་བརྒལ་དུས་སྐབས་ཀྱི་རིགས་པའི་གཞུང་ལུགས་གཞིར་བཟུང་ཀྲུང་གོའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་བཏོན་པ་ཞིག་རེད། 1952ལོའི་ཟླ་9པར་བློ་མཐུན་མའོ་ཙེ་ཏུང་གིས“ཀྲུང་གོས་ད་ལྟ་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་ཇི་ལྟར་བྱེད་པའི”མཛུབ་ཁྲིད་མཛད་ཕྱོགས་དང་སྤྱིའི་བསམ་ཚོད་བཏོན་གནང་བ་རེད། 1953ལོའི་ཟླ་6པར་བློ་མཐུན་མའོ་ཙེ་ཏུང་གིས་སྤྱིའི་ལམ་ཕྱོགས་ཀྱི་གཞི་རྩའི་ནང་དོན་གསལ་པོ་བཏོན་གནང་བ་རེད། ལོ་དེའི་ཟླ་12པར་ཀྲུང་དབྱང་དྲིལ་བསྒྲགས་པུས་བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་སྐོར་གྱི་སློབ་སྦྱོང་དང་དྲིལ་བསྒྲགས་གནད་བསྡུས་ཀྱི་ཟིན་བྲིས་བཀོད་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་གནད་བསྡུས་ལ་གཟིགས་ཞིབ་དང་བཟོ་བཅོས་གནང་སྐབས། བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ཆ་ཚང་གཏན་ལ་ཕབ་པ་སྟེ། འདི་ནི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བའི་བར་ནི་བར་བརྒལ་དུས་སྐབས་ཤིག་རེད། བར་བརྒལ་དུས་སྐབས་དེའི་རིང་གི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་ལས་འགན་ནི་དུས་སྐབས་ཧ་ཅང་རིང་པོ་ཞིག་གི་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱེད་རྒྱུ་དེའང་རིམ་བཞིན་མངོན་འགྱུར་བྱེད་དགོས། སྤྱིའི་ལམ་ཕྱོགས་འདི་ནི་ང་ཚོའི་ལས་དོན་ཁག་གི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་ཞིང་། ལས་དོན་ཁག་དེ་དག་དང་ཁ་བྲལ་ན་གཡས་ལྷུང་ངམ་ཡང་ན“གཡོན་ལྷུང”གི་ནོར་འཁྲུལ་ཤོར་སྲིད”1954ལོའི་ཟླ་2པར་འཚོགས་པའི་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་ལ་དངོས་སུ་ཆོག་མཆན་སྤྲད་པ་རེད། ལོ་དེའི་ཟླ་9པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཏང་གིས་བཏོན་པའི་སྤྱིའི་ལམ་ཕྱོགས་འདི་བར་བརྒལ་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་སྤྱིའི་ལས་འགན་ཞིག་ཏུ་བརྩིས་ནས་རྩ་ཁྲིམས་སུ་བཀོད་ཡོད།

    བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་བཏོན་པ་དེ་ཐོག་ནས་ཀྲུང་གོ་འདི་དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་འགྱུར་བའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་མཚོན་ཡོད། རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱུང་རྗེས་མི་དམངས་ཀྱི་འགོ་ཁྲིད་དེ་མུ་མཐུད་ནས་མདུན་དུ་སྐྱོད་ཆེད་ཏང་གིས་ལས་འགན་དང་དམིགས་ཡུལ་གསར་པ་དུས་ཐོག་ཏུ་བཏོན་ནས་1953ལོ་ནས་བཟུང་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་དང་པོ་ལག་ལེན་བསྟར་རྒྱུའི་ཐག་བཅད། འཆར་གཞིའི་ནང་དོན་གཙོ་བོ་ནི་རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་རྒྱུ་ཡིན་པ་སྨོས་མེད་རེད། དཔལ་འབྱོར་དང་རིག་གནས་རྗེས་ལུས་ཡིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཆ་རྐྱེན་འོག་ཀྲུང་གོས་བཟོ་ལས་ཅན་མངོན་འགྱུར་བྱེད་པར་གཙོ་བོ་ནང་ཁུལ་གྱི་གསོག་འཇོག་ཁོ་ནར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ན་གཞི་ནས་རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་དཔལ་འབྱོར་ཐད་རང་རྐྱ་འཕེལ་ཐུབ། དེར་བརྟེན་ངེས་པར་དུ་རང་རྒྱལ་གྱི་སྤྱི་ཚོགས་འཚོ་བའི་ནང་ཐོན་པའམ་བསགས་པའི་འགལ་བ་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ། བཟོ་ལས་ཅན་གྱི་འགྲོ་ལམ་བཤངས་དགོས། སྐབས་དེ་དུས་གྲོང་གསེབ་ཀྱི་ཁ་ཐོར་རྗེས་ལུས་ཡིན་པའི་ཞིང་ལས་ཆུང་བའི་དཔལ་འབྱོར་གྱིས་གྲོང་ཁྱེར་དང་བཟོ་ལས་འཕེལ་རྒྱས་ཕྱིན་པའི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་ཀྱི་རྒྱུ་ཆ་རྒྱུན་ཆད་མེད་པར་འཕར་བའི་དགོས་མཁོ་སྐོང་ཐབས་བྲལ་བ་དང་། དབུལ་ཕྱུག་གི་ཁྱད་པར་བྱུང་བའི་རྐྱེན་གྱིས་ཏང་དང་སྲིད་གཞུང་གིས་སྣེ་གཉིས་སུ་གྱེས་པར་དོ་ཁུར་བྱེད་དགོས་བྱུང་ཡོད། གྲོང་ཁྱེར་དུ་བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་དབར་བཀག་སྡོམ་དང་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐབས་འགར་ལངས་པ་དང་སྐབས་འགར་འཇགས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཚོ་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། དེས་ཏང་གིས་གྲོང་གསེབ་ཀྱི་རོགས་རེས་མཉམ་ལས་ཀྱི་ལས་འགུལ་དང་གྲོང་ཁྱེར་གྱི་མ་རྩ་བཀག་སྡོམ་གྱི་བྱེད་ཐབས་མགྱོགས་སུ་གཏོང་བ་དང་རྒྱ་ཆེར་གཏོང་བར་བསམ་བློ་མི་གཏོང་ཀ་མེད་བྱུང་བ་རེད། དེ་ལྟར་བྱས་ན་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་རྒྱལ་དམངས་དཔལ་འབྱོར་ལ་བརྒྱུད་རིམ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་དངོས་སུ་བྱེད་པའི་ལས་འགན་དེ་ཉིན་རེའི་གྲོས་རིམ་ཐོག་འདོན་ཐུབ།

    བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཉིས་དུས་མཉམ་དུ་སྤེལ་བའི་སྤྱིའི་ལམ་ཕྱོགས་རེད་ལ།“ཅན་གཅིག་དང་སྒྱུར་བཀོད་གསུམ”དང“གཞི་གཅིག་དང་གཞོགས་གཉིས”ཀྱི་སྤྱིའི་ལམ་ཕྱོགས་ཤིག་ཀྱང་རེད། དེའི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་ཡིན་ཞིང་། གཞོགས་གཉིས་ནི་ཁེར་རྐྱང་ཞིང་ལས་དང་ལག་ཤེས་བཟོ་ལས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱེད་རྒྱུ་དང་། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱེད་རྒྱུ་དེ་རེད། གྲུབ་ཆ་གཙོ་བོ་དང་གཞོགས་གཉིས་ནི་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་རེད། ཀྲུང་གོར་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་པར་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་བཟོ་ལས་ཅན་ཡོངས་ཁྱབ་ལག་ལེན་བསྟར་རྒྱུ་དེ་གྲུབ་ཆ་གཙོ་བོར་མ་བྱས་ན་མི་འགྲིག འོན་ཀྱང་ཁེར་རྐྱང་དཔལ་འབྱོར་དང་སྒེར་གྱི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་སྒྱུར་བཀོད་བྱ་རྒྱུ་དང་ཁ་བྲལ་ན་གཞི་ཁྱོན་ཆེ་ཞིང་འཆར་གཞི་ལྡན་པའི་བཟོ་ལས་འཛུགས་སྐྲུན་བདེ་བླག་ཡོང་བར་འགོག་རྐྱེན་བཟོ་སྲིད། ཕྱོགས་དེ་གཉིས་ཀྱི་ལས་འགན་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཏེ་དེ་ཉིད་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེའི་ཐོག་ནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་སྐྱེད་ཀྱི་འབྲེལ་བ་སྒྱུར་བཅོས་བྱ་རྒྱུ་དང་གཅིག་གྱུར་ཟུང་འབྲེལ་དམ་ཚགས་བྱེད་དགོས་པ་མཚོན་ཡོད།

    བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་བཏོན་རྗེས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཁྲོད་དུ་དྲིལ་བསྒྲགས་དང་སློབ་གསོ་རྒྱ་ཆེ་ཞིང་གཏིང་ཟབ་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པ་རླབས་པོ་ཆེ་ཞིག་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཏུ་གྱུར་ཡོད། དེ་ནས་བཟུང་རང་རྒྱལ་འདི་ཉིད་གཞི་ཁྱོན་ཆེ་ཞིང་འཆར་གཞི་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱེད་པའི་དུས་སུ་སླེབས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།