དབུ་ཤོག>ཆེད་སྒྲིག
  • མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-26

    “འདི་ལོའི་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་ང་ཚོ་ནང་མི་ཚང་མ་སྡོད་ཁང་གསར་པར་སྤོས་པ་ཡིན། ཁང་པ་དཀར་ཆ་དོད་ཅིང་རྒྱ་ཆེ་བས། ཧ་ཅང་སྐྱིད་པོ་འདུག”ཅེས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་གྲོང་ཚོའི་གྲོང་མི་ཟླ་བས་གསར་དུ་བརྒྱབ་པའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པར་མཛུབ་མོ་བཙུགས་ཏེ་དགའ་སྤྲོའི་ངང་བཤད།

    ཟླ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ནི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་འཛུགས་སྐྲུན་རྣམ་གྲངས་ལས་བྱུང་བ་རེད།

    2020ལོའི་ཟླ་4པར། མལ་གྲོ་གུང་དཀར་རྫོང་གིས་རུ་ཐོག་ཤང་དང་། བཀྲ་ཤིས་སྒང་ཤང་། རྩ་ཞོལ་ཤང་བཅས་སུ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་འཆར་གཞི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་བ་རེད། 2021ལོར་མལ་གྲོ་གུང་དཀར་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་འཛུགས་སྐྲུན་ལས་གྲྭ་ཁག་གཉིས་པ་སྤེལ་འགོ་ཚུགས་པ་དང་། དུས་ཐེངས་གཉིས་ལ་དབྱེ་སྟེ་ཤང(གྲོང་རྡལ)6དང་གྲོང་ཚོ་13ལ་ཞིང་འབྲོག་པའི་སྡོད་ཁང་གསར་སྐྲུན་དང་། སྡོད་ཁང་སྒྱུར་བཀོད་རིམ་སྤོར། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་ཀྱི་ལས་དོན་སྤེལ་བ་རེད།

    རྣམ་གྲངས་འཛུགས་སྐྲུན་གྱི་ཚད་གཞིར་གཞིགས་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལས་གྲྭའི“སྲིད་གཞུང་གིས་མ་དངུལ་ཏོག་ཙམ་གཏོང་བ་དང་མང་ཚོགས་ཀྱིས་མ་དངུལ་ཕྲན་བུ་བསྡུ་བའི”བླང་བྱ་ལྟར། ཞིང་འབྲོག་པའི་སྡོད་ཁང་གསར་པ་སྐྲུན་པའི་ཐད་སྲིད་གཞུང་གིས་མ་དངུལ་70%གཏོང་བ་དང་མང་ཚོགས་ཀྱིས་30%གྲབས་གསོག་བྱས་ཡོད། 2021ལོའི་ཟླ་4པར་རྩ་ཞོལ་གྲོང་ཚོས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཤིང་། ཁྱོན་དུད་ཚང་19ལ་སྡོད་ཁང་གསར་པ་བསྐྲུན་པ་དང་2021ལོའི་ཟླ་11པར་ལས་མཇུག་འགྲིལ་བ་རེད།

    “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་ངས་སྡོད་ཁང་གསར་པར་སྒོར་ཁྲི་9ལས་གཏོང་དགོས་མ་བྱུང་། རང་གྲབས་བྱས་པའི་མ་དངུལ་སྲིད་གཞུང་གིས་ཁག་ཐེག་བྱས་ཏེ་ལོ་5ཡི་སྐྱེད་མེད་དངུལ་བུན་བཏང་བྱུང”ཞེས་ཟླ་བས་བཤད།

    མལ་གྲོ་གུང་དཀར་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”རྣམ་གྲངས་འཛུགས་སྐྲུན་གཞུང་ལས་ཁང་གི་ལས་དོན་པ་ཟླ་སྐྱིད་འཛོམས་ཀྱིས་གསར་འགོད་པར“མིག་སྔའི་བར་མལ་གྲོ་གུང་དཀར་རྫོང་གིས‘མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས’འཛུགས་སྐྲུན་ལས་གྲྭ་ཁག་གཉིས་ལག་བསྟར་བྱས་ནས་དུད་ཚང་492ལ་སྡོད་ཁང་གསར་སྐྲུན་དང་། དུད་ཚང་286གི་སྡོད་ཁང་སྒྱུར་བཀོད། གྲོང་ཚོ་8ཀྱི་ཚོགས་ཆུང་གི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་བྱས་ཡོད། འདི་ལོའི་ཟླ་4པའི་ཟླ་འགོར། ང་ཚོས་དུས་ཐེངས་གཉིས་པའི་འཛུཌ་སྐྲུན་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ནས་དུད་ཚང་214ལ་སྡོད་ཁང་གསར་པ་བསྐྲུན་རྒྱུ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ས་ཚིཌ་6གསར་སྐྲུན་བྱས་ཏེ་ལོ་འདིའི་འཛུཌ་སྐྲུན་ལས་འགན་ཚང་མ་ལེགས་སྒྲུབ་བྱ་རྩིས་ཡོད”ཅེས་བཤད།

    “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། མལ་གྲོ་གུང་དཀར་རྫོང་གི་གྲོང་གསེབ་ཀྱི་སྡོད་ཁང་བཀོད་པ་སྔར་བས་བཟང་སྒྲིག་བྱུང་བ་དང་། མང་ཚོགས་ཀྱི་སྡོད་ཁང་སྤུས་ཚད་ལེགས་སུ་ཕྱིན་པ། མི་ཕྱུགས་ལོགས་དབྱེ་ཐུབ་པ། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ། མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཧུར་སེམས་འཕེལ་བ་བཅས་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།