དབུ་ཤོག>ཆེད་སྒྲིག
  • རི་ཁུག་ནས་བཏོད་པའི་དར་རྒྱས་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-24

    པ་ནི་གྲོང་ཚོ་ནི་ཆུ་གསུམ་རྫོང་སྟོད་གཟིགས་ཤང་རི་ཁུག་ཏུ་གནས་པས་ཕྱོགས་བཞི་རི་ཡིས་སྐོར་བ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4080ཟིན་གྱི་ཡོད་ལ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་21ལས། རང་བྱུང་ཆ་རྐྱེན་ཅུང་ཞན་པའི་གྲོང་ཚོ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། པ་ནི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས“ཏང་འཛུགས་སྐྱོང་+”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྗེས་ལུས་ཀྱི་བསམ་བློ་དོར་བ་དང་གོམས་སྲོལ་བསྒྱུར་ཏེ་ལས་བརྩོན་འབབ་འཕར་དང་སློབ་གསོར་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད། ན་ནིང་གྲོང་ཚོ་དེའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17727ཟིན་པ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ལོ་མང་རིང་16%ཡན་རྒྱུན་འཁྱོངས་ཐུབ་ནས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར་ཡོད།

    ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་དར་རྒྱས་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། པ་ནི་གྲོང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་ཐུབ་པའི་འགག་རྩ་ནི། སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཡོད་པས་རེད།

    ཉེ་བའི་ལོ་ཤས་རིང་། པ་ནི་གྲོང་ཚོས“ཏང་འཛུགས་སྐྱོང་+”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    2019ལོར་པ་ནི་གྲོང་ཚོས“ཏང་ཀྲི་པུའུ་+གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར”གྱི་བྱེད་ཐབས་བརྒྱུད། པ་ནི་གྲོང་ཚོའི་འབྲི་གཡག་རྒྱུད་སྤེལ་རྟེན་གཞི་བཙུགས་པ་རེད། རྟེན་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི་95བཏང་བ་དང་རྒྱ་ཁྱོན་སྨི་ངོས་གྲུ་91.65ཟིན་ཞིང་། མིག་སྔར་འབྲི་གཡག་70ཡོད་ལ། ལོའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་ནས་དུད་ཚང་7གྱི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག པ་ནི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ནས། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    “དེ་སྔ་གྲོང་ཚོའི་ཁོར་ཡུག་ཡག་པོ་མེད་ལ། མང་ཚོགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟབ་མོ་མེད” “རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད། ང་ཚོ་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་འཕྲོད་བསྟེན་ལ་སྣང་ཆེན་གྱིས་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་དང་སྡོད་མལ་ཁོར་ཡུག་ལ་བཅོས་སྒྲིག་བྱས་ནས་གྲོང་ཚོའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བཏང་བ་ཡིན”ཞེས་ཕུར་བུ་ཚེ་རིང་གིས་བརྗོད།

    ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་འོག པ་ནི་གྲོང་ཚོའི་མང་ཚོགས་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་གཅིག་རྗེས་གཉིས་མཐུད་ངང་ཞུགས་པས། གྲོང་ཚོའི་རྣམ་པ་མགྱོགས་མྱུར་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་འདི་ལོའི་ཟླ་གཉིས་པར་པ་ནི་གྲོང་ཚོར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོའི་མིང་འདོགས་རྩིས་ཡོད་པའི་ཡོངས་བསྒྲགས་མིང་ཐོར་ཚུད་རྗེས། མང་ཚོགས་སྐྱེ་ཁམས་ཤེས་དཔལ་འཕེལ་རྒྱས་ལམ་བུར་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་ཆེ་རུ་ཕྱིན་ཡོད།

    སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ།

    པ་ནི་གྲོང་ཚོར་བཅར་འདྲི་བྱེད་སྐབས། གྲོང་ཚོ་དེར་སློབ་ཆེན་སློབ་མ་མང་པོ་ཞིག་ཡོད་པར་གསར་འགོད་པ་དོ་སྣང་ཆེན་པོ་བྱུང་། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་གྲོང་ཚོ་དེའི་དུད་ཚང་120ཡི་མང་ཚོགས་432ལས། ཧྥུའུ་ཏན་སློབ་ཆེན་དང་ཁུན་མིང་སྐམ་དམག་སློབ་གླིང་སོགས་འགྲིམ་བཞིན་པའི་སློབ་མ་183ཡོད་པ་རེད།

    སློབ་གསོར་མཐོང་ཆེན་བྱེད་པ་ནི་པ་ནི་གྲོང་ཚོའི་སྲོལ་རྒྱུན་བཟང་པོ་ཞིག་རེད། མིག་སྔར་གྲོང་ཚོ་དེ་ནས་ཕྱིར་བསྐྱོད་པའི་ཏང་ཡོན་ལས་བྱེད་པ་200ལྷག་ཙམ་ཡོད་པ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་ཡག་པོ་བྱེད་ཆེད། ཕྱིར་སྐྱོད་མི་སྣ་200ལྷག་ཙམ་གྱིས་སྔ་རྗེས་སུ་ཞལ་འདེབས་སྒོར་ཁྲི་10ལྷག་ཙམ་བརྒྱབ་ནས་གྲོང་ཚོའི་སློབ་མ་སློབ་གྲྭ་འགྲིམ་པར་རོགས་སྐྱོར་བྱས་ཡོད་པ་རེད།

    “ཚང་མར་ཐུན་མོང་གི་བསམ་འདུན་ཞིག་ཡོད་པ་སྟེ་དབུལ་པོ་ཡིན་ཡང་ཕྲུ་གུ་སློབ་གྲྭར་བཏང་ནས་སློབ་གསོ་དང་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་འདི་རེད”ཅེས་པ་ནི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་བརྗོད།

    སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག གྲོང་ཚོ་དེས་ད་དུང་དེ་མཚུངས་ཀྱི་ཆད་གཅོད་ལམ་ལུགས་ཀྱང་བཙུགས་ཡོད་པ་རེད། “ལམ་ལུགས་བཙུགས་ནས་ལོ་མང་པོ་ཕྱིན་སོང་། མང་ཆེ་བ་བྱ་དགའ་ལེན་མཁན་རེད”ཅེས་གྲོང་ཚོ་དེའི་སློབ་སྐྱོར་བྱ་ཐབས་སྐོར་གླེང་སྐབས་ཕུར་བུ་ཚེ་རིང་གིས་དེ་ལྟར་འགྲེལ་བཤད་བརྒྱབ།

    གོམས་སྲོལ་བསྒྱུར་ནས་སྲོལ་གསར་བཏོད་པ།

    པ་ནི་གྲོང་ཚོར་བཅར་འདྲི་བྱེད་སྐབས། གྲོང་ཚོའི་དུད་ཁྱིམ་ཚང་མར་ཕ་མར་སྲི་ཞུ་སྒྲུབ་པ་དང་། བཟའ་ཚོ་འཆམ་མཐུན། དཀའ་སྤྱད་ལས་གཏོད་ཀྱིས་ཡོང་འབབ་མང་དུ་གཏོང་བ། གྲོན་ཆུང་ལ་སྣང་ཆེན་གྱིས་ཁྱིམ་ལ་བདེ་སྐྱིད་སྐྲུན་དགོས་ཞེས་པའི་བྱང་བུ་བཀལ་བ་གསར་འགོད་པས་མཐོང་བྱུང་།

    “‘གོམས་སྲོལ་བསྒྱུར་བའི་བྱང་བུ’དེ་དག་ཉེ་བའི་ལོ་ཤས་རིང་བཀལ་བ་རེད” “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། པ་ནི་གྲོང་ཚོས་དོན་དངོས་དང་ཟུང་འབྲེལ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དམ་འཛིན་བྱེད་སར་བརྩིས་ནས་མང་ཚོགས་ཀྱིས་ཚན་རིག་ལ་བརྩི་མཐོང་དང་། རྨོངས་དད་སེལ་བ། གོམས་སྲོལ་སྒྱུར་བ། སྲོལ་ངན་འདོར་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད་ཅེས་ཕུར་བུ་ཚེ་རིང་གིས་བརྗོད།

    “དེ་སྔོན་ས་ཞིང་འདེབས་པ་དང་རྔ་སྐབས་ངལ་རྩོལ་བྱེད་མཁན་ཉུང་བའི་དུད་ཚང་གིས་མི་གཞན་གླ་དགོས་ཀྱི་ཡོད། ད་ཆ་ཚང་མས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས་མི་ཡང་གླ་དགོས་ཀྱི་མི་འདུག”“དེ་ནི་ཉེ་བའི་ལོ་ཤས་རིང་གྲོང་ཚོའི་གོམས་སྲོལ་ལ་འགྱུར་ལྡོག་བྱུང་བས་རེད”ཅེས་གྲོང་མི་བསོད་ནམས་ནོར་བུས་བརྗོད།

    2018ལོར་སྲོལ་གསར་དར་བའི་པ་ནི་གྲོང་ཚོ་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ལ་བདམས་ཐོན་བྱུང་བ་དང་། “ཤེས་དཔལ་གྱི་སྲོལ་གསར་དར་རྗེས་མང་ཚོགས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཕྱིན་ནས་མི་མང་པོ་ཞིག་གླ་པར་འགྲོ་གི་འདུག” “ན་ནིང་ཕྱིར་གླ་པར་འགྲོ་མཁན་180ལྷག་ཙམ་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་བྱུང་འདུག”ཅེས་ཕུར་བུ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བརྗོད།

    “མང་ཚོགས་ཚོས་ད་ལྟ་ནང་བཞིན་མུ་མཐུད་འཕེལ་རྒྱས་ཕྱིན་ཚེ་གྲོང་གསེབ་དར་རྒྱས་མགྱོགས་མྱུར་མངོན་འགྱུར་བྱེད་ཐུབ་ཅེས་བརྗོད་ཀྱི་འདུག”ཅེས་ཕུར་བུ་ཚེ་རིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།