དཔྱིད་དཔལ་བུ་མོའི་འཛུམ་ཞལ་ལྷུག་པོར་གྲོལ། མཐའ་བཞིའི་སྐུ་མགྲོན་མ་བོས་མགྲོན་དུ་འཁོར།
2021ལོར། ཉིང་ཁྲི་གྲོང་ཁྱེར་གྱི་རིགས་ཁག་གི་ཡུལ་སྐོར་ལས་རིགས་གཙོ་བོས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཁྲི་2.75ལས་ཞུགས་གཞན་སྒྱུར་བྱས་པ་དེ་དུས་མཚུངས་ལས་4%འཕར་བ་དང་། ཡུལ་སྐོར་གྱི་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི་9636ཟིན་ནས་དུས་མཚུངས་ལས་16%འཕར་བ། ཡུལ་སྐོར་གྱི་ལས་ཞུགས་གཞན་སྒྱུར་ལ་ཞུགས་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་0.35ཟིན་ནས་དུས་མཚུངས་ལས་13%འཕར་བ། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་138ལ་སྣེ་ལེན་བྱས་ནས་དུས་མཚུངས་ལས་66%འཕར་བ། ཡུལ་སྐོར་གྱི་སྣེ་ལེན་ཡོང་འབབ་སྒོར་དུང་ཕྱུར་1.78ཟིན་ནས་དུས་མཚུངས་ལས་73%འཕར་བ། གྲོང་གསེབ་ཡུལ་སྐོར་དུ་ལས་ཞུགས་བྱེད་མཁན་ཞིང་འབྲོག་པ་མི་ཐེངས་ཁྲི་1.8ཟིན་ནས་དུས་མཚུངས་ལས་0.65%འཕར་བ། གྲོང་གསེབ་ཡུལ་སྐོར་གྱི་ལས་ཞུགས་ཡོང་འབབ་སྒོར་ཁྲི་6695ཟིན་ནས་དུས་མཚུངས་ལས་48%འཕར་བ། གྲོང་གསེབ་ཡུལ་སྐོར་དུ་ལས་ཞུགས་བྱེད་མཁན་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་0.33ཟིན་ནས་དུས་མཚུངས་ལས་22%འཕར་བ་བཅས་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཡུལ་སྐོར་གྱི་ཕན་པ་ཐོབ་པར་བྱས་པ་རེད།
ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེཌ་བྱས་པ།
ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཚོས་མཛེས་ལྗོངས་ཁུལ་དང་ས་ཚིགས་དང་། ཡུལ་སྐོར་དང་གསོལ་མགྲོན་ཁང་། ཁྱིམ་ཚང་མགྲོན་ཁང་། ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན། ཡུལ་སྐོར་ཚོང་ཟོག་ཐོན་སྐྱེད་སོགས་ཀྱི་བྱེད་སྟངས་བརྒྱུད་ལས་ཞུགས་གཞན་སྒྱུར་བྱས་པས། གྲོང་གསེབ་ཡུལ་སྐོར་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་པ་དང་། ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཉིད་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད།
སྨན་གླིང་རྫོང་ཁོངས་ཀྱི་ཟུར་གསུམ་གྲོང་ཚོ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་བྱང་ངོས་སུ་གནས་པ་དང་། དེ་ནི་གནམ་ལྕགས་འབར་བར་རྒྱང་ལྟ་བྱེད་པའི་ས་ཆ་ཡག་ཤོས་ཤིག་རེད། གྲོང་ཚོ་ཆུང་ངུ་དེར་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཀྱི་ལེགས་ཆ་ལྡན་པ་དང་ལོ་ལྟར་གྱི་དཔྱིད་དུས་སུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། མཐའ་བཞིའི་རི་ཀླུང་གངས་ཀྱིས་བརྒྱན་ནས་ཡུལ་ལྗོངས་ལྟ་བས་མི་ངོམ་པ་ཞིག་ཡོད།
ད་ཕན་ལོ་ཤས་རིང་། ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་སྦྲགས། ཟུར་གསུམ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་ཉེ་འགྲམ་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་། སྐྱེ་ཁམས་ཕྱུག་འགྱུར་གྱི་རྩ་དོན་གཞིར་བཟུང་བ། “བཀོད་པ་མཛེས་པ་དང་། ཁོར་ཡུག་མཛེས་པ། འཚོ་བ་སྐྱིད་པ”བཅས་ཀྱི་བླང་བྱར་དམིགས་པ། “ཁོར་ཡུག་མཛེས་པ་དང་། སྐྱེ་ཁམས་སྡོད་མལ། གྲོང་གསེབ་ཤེས་དཔལ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་འགག་རྩའི་ལྷུ་ཚིགས་བཞི་མངོན་གསལ་དོད་དུ་གཏོང་བ་སོགས་བྱས་ནས། ཟུར་གསུམ་གྲོང་ཚོ་ཉིད་ཁྱད་ཆོས་ལྡན་པ་དང་ཡིད་དབང་འཕྲོག་ཤུགས་ཆེ་བའི་སྐྱེ་ཁམས་ཡུལ་སྐོར་གྲོང་ཚོར་བསྐྲུན་པ་རེད།
གྲོང་མི་ཉི་མ་ནི་ཟུར་གསུམ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་གཉེར་མཁན་དེ་ཡིན་ལ། གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཕྱིན་པའི་དཔང་པོ་མཁན་ཡང་ཡིན། དེ་སྔ་ཉི་མས་ཚོང་གི་གོ་སྐབས་ཡོད་པ་ཤེས་ནས་ཆེད་མངགས་མ་དངུལ་གྲབས་གསོག་བྱས་ཏེ་མགྲོན་ཁང་གཉེར་སྐྱོང་བྱས་ནས་ཚོང་ཡག་པོ་བྱུང་བས་རྗེས་སུ་ཚང་མས་མགྲོན་ཁང་གཉེར་འགོ་ཚུགས་ཡོད། ད་ཆ་ཉི་མའི་ཁྱིམ་གྱི་མགྲོན་ཁང་ཡང་གྲོང་ཚོའི་ནང་ཨར་སྐྲུན་ཡག་ཤོས་ཤིག་ཡིན་པ་དེར་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་ངུ་གཉིས་དང་ཁྱོན་ཉལ་ཁྲི་68ཡོད་པ་རེད།
རིག་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་ནས། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་བཏང་བ།
ཉིང་ཁྲི་གྲོང་ཁྱེར་གྱིས་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་རིག་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཡུལ་སྐོར་ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་རྒྱུ་དེ་ཉིང་ཁྲིའི་ཁུལ་ཁོངས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན་པའི་ངོས་འཛིན་མཐའ་འཁྱོངས་བྱེད་པ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“རིག་ལྡན་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་ཆ་འཕྲིན་ཅན”གྱི་རྣམ་གྲངས་འཛུགས་སྐྲུན་སྔོན་ལ་ལག་ལེན་བསྟར་ཏེ་ལེགས་སྒྲུབ་བྱས་ཡོད། མ་དངུལ་སྒོར་ཁྲི་5229བསྡུ་སྒྲིལ་བྱས་ནས་གྲངས་གཞི་ཆེ་མོའི་ལས་སྟེགས་དང་། བརྙན་ལམ་ཕྱོགས་བསྡུས་ལས་སྟེགས། ཁྱིམ་ཚང་མགྲོན་ཁང་སྔོན་མངགས་ལས་སྟེགས། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ལས་སྟེགས། H5ལྟ་སྐོར་སྣེ་ཁྲིད་ལས་སྟེགས་སོགས་མཉེན་ཆས་གསར་སྤེལ་ལེགས་གྲུབ་བྱུང་ནས་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་20ཡི་ཁྱིམ་ཚང་མགྲོན་ཁང་300ལ་ཕན་པ་བསྐྲུན་ཡོད་པ་རེད།
སྨན་གླིང་རྫོང་གི་ཚལ་ཁྲོབ་གྲོང་ཚོའི་འདི་ལོ་ལོ་35ལ་སླེབས་པའི་འཆི་མེད་ལྷ་མོས་དགའ་ཚོར་ཆེན་པོས་ཀོ་ཤ་དང་། དཀར་པོ་ཆིག་ཐུབ། ར་མོ་ཤག་ཆེན་སོགས་ཁྱད་ལྡན་ཐོན་རྫས་ཐུམ་སྒྲིལ་བྱེད་བཞིན་ཡོད། “འདི་ནི་ཀོང་ཏུང་གི་གྲོགས་པོ་ཞིག་གིས་མངགས་པའི་ཚོང་ཟོག་རེད། ངས་ལམ་སེང་ཐུམ་བརྒྱབ་ནས་གྲོང་ཚོའི་མྱུར་སྐྱེལ་ས་ཚིགས་སུ་བསྐུར་བར་འགྲོ་གི་ཡིན”ཞེས་འཆི་མེད་ལྷ་མོས་བཤད།
འཆི་མེད་ལྷ་མོས་གཉེར་སྐྱོང་བྱེད་པའི་ཁྱད་ལྡན་ཐོན་རྫས་ཁྱིམ་དུ་བཞག་ཡོད་ཅིང་། ཟོག་སྒྲོམ་སྟར་པ་གཅིག་དང་ལག་ཐོགས་ཁ་པར་གཅིག་ལ་བརྟེན་ནས་ཚོང་བརྒྱབ་པས་དྲ་ཐོག་ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།
“དེ་སྔ་ངས་གནས་ཡུལ་མཛེས་ལྗོངས་ཁུལ་དུ་ཁྲོམ་བཏོན་ནས་ཆེད་མངགས་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད། སྐབས་དེ་དུས་གནམ་གཤིས་གང་འདྲ་བསྟན་རུང་ཉིན་ལྟར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ཁྱབ་གདལ་བཏང་བའི་རིག་ལྡན་ཡུལ་སྐོར་ལས་ང་ཚོ་མི་སེར་ཚོ་སྟབས་བདེ་རུ་སོང་ནས་ཁྱད་ལྡན་ཐོན་རྫས་ཁྱིམ་ནས་བཙོངས་ཏེ་དངུལ་གསོག་ཐུབ་ཀྱི་ཡོད། ངའི་སྐུ་མགྲོན་མང་པོ་ཞིག་གིས་དྲ་གྲོགས་ཀྱི་ངོ་སྤྲོད་བརྒྱུད་ང་འཚོལ་གྱི་ཡོད”ཅེས་འཆི་མེད་ལྷ་མོས་གསར་འགོད་པར་བཤད།
སྐྱེ་ཁམས་ཡུལ་སྐོར་ལ་དམིགས་ནས། ཡུལ་ལྗོངས་མཛེས་པོ་ལས་ཡོང་འབབ་འཕར་བར་བྱེད་པ།
འབྲི་ཏ་ས་འཛིན་སྨིན་མ་ཐག་ཡུལ་སྐོར་བས་ལྟ་སྐོར་བྱེད་ཞོར་འཐུ་བར་ཡོང་གི་ཡོད།
བྲག་ཡིབ་ཆུས་དགུང་ཚང་ཤང་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་ཉེ་འཁོར་ནས་ཡོང་བའི་ཡུལ་སྐོར་བས་འབྲི་ཏ་ས་འཛིན་འཐུ་ཀྱིན་དུ་པར་རྒྱག་གི་ཡོད། གཟའ་མཇུག་སླེབས་རིམ་བཞིན་འབྲི་ཏ་ས་འཛིན་དྲོད་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཀྱི་ཡོད། སྔོན་ཆད་འབྲི་ཏ་ས་འཛིན་འདེབས་འཛུགས་དུད་ཚང་གིས་འབྲི་ཏ་ས་འཛིན་ཚོང་རར་སྡེབ་འཚོང་བྱེད་ཀྱི་ཡོད་པས། དུས་ཚོད་མང་པོ་སྤྱད་པ་དང་དཀའ་ལས་མང་པོ་བརྒྱབ་ཀྱང་ཡོང་འབབ་དེ་ཙམ་རག་གི་མེད། “ད་ཆ་ཡུལ་སྐོར་བས་འབྲི་ཏ་ས་འཛིན་འཐུ་བའི་ཚ་རླབས་འཕྱུར་བ་དང་བསྟུན་ནས་ཡུལ་སྐོར་བས་སྒོ་རྩར་ཉོ་བར་ཡོང་བ་མ་ཟད། རིན་གོང་ཡང་མཐོ་པོ་སྤྲོད་ཀྱི་འདུག”ཅེས་འདེབས་འཛུགས་དུད་ཚང་གི་མི་སྣས་འཛུམ་མདངས་འཕྱུར་བཞིན་བརྗོད།
“བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2009ལོར་བཙུགས་པ་དང་། ད་ཆ་དྲོད་ཁང་ཆེ་མོ་56ཡོད་པ་ལས་53ལ་འབྲི་ཏ་ས་འཛིན་བཏབ་པ་དང་། 3ལ་ཤིང་འབྲས་ཧའོ་ཡན་ཧྲིན་བཏབ་ཡོད་པ་རེད། འབྲི་ཏ་ས་འཛིན་འདེབས་ཁྱོན་མུའུ་26.5ཟིན་པ་དང་། 2021ལོར་ལོའི་ཐོན་ཚད་རྒྱ་མ་ཁྲི་6ལྷག་ཙམ་ཟིན་ནས་ཡོང་འབབ་སྒོར་ཁྲི་240(དུད་ཚང་3གྱི་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ)ཟིན་ཞིང་། མཉམ་ལས་ཁང་གི་ཁོངས་མིའི་དུད་ཚང་རེར་དྲོད་ཁང་ཆེ་མོ་2ཡོད་པར་བརྟེན་མཉམ་ལས་ཁང་གི་ཁོངས་མིའི་སྣེ་ཁྲིད་དེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་8ལྷག་ཙམ་བྱུང་ཡོད”ཅེས་བཅུ་འཕར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས།
ཡུལ་སྐོར་ཐོན་ལས་དེ་བས་ལེགས་པར་འཕེལ་རྒྱས་གཏོང་ཆེད། རྨོག་བཀྲ་གྲོང་ཚོར་བཅའ་སྡོད་རྫ་ཡུལ་རྫོང་གི་ས་གནས་དེ་གའི་སྲིད་གཞུང་དང་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་བརྟག་ཞིབ་བྱས་རྗེས་རྨོག་བཀྲ་གྲོང་ཚོའི་རང་ངོས་ཀྱི་ཆ་རྐྱེན་བཟང་པོར་གཞིགས་ཏེ་ད་ཡོད་ཀྱི་ཐོན་ཁུངས་དང་གྲོང་མིའི་བེད་མེད་ཀྱི་ཁང་པ་བསྡུ་སྒྲིལ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། “ཡུལ་སྐོར་དང་ཁྱིམ་ཚང་མགྲོན་ཁང”ཟུང་འབྲེལ་གྱི་གྲོང་གསེབ་དར་རྒྱས་ལམ་བུར་བསྐྱོད་ནས་གྲོང་མིར་འབབ་འཕར་ཡོང་བར་གསོན་ཤུགས་སྣོན་པའི་གཏན་འབེབས་བྱས་ཡོད་པ་རེད།
“2021ལོར་རྨོག་བཀྲ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྱི་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། གྲོང་མི་ཚོས་རི་ཁུལ་ནས་བཏུས་པའི་ནགས་གསེབ་ཐོན་ཁུངས་ཀྱི་རིན་གོང་ཡང་འཕར་ཡོད། བཏུས་པའི་ཀོ་ཤ་དང་བེ་ཤ་སོགས‘རི་སྐྱེས་རིགས’ཐད་ཀར་ཡུལ་སྐོར་བར་འཚོང་གི་ཡོད”ཅེས་རྨོག་བཀྲ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇམ་དབྱངས་དབང་འདུས་ཀྱིས་བཤད། ཁོང་གིས་སྒེར་འཁོར་བཏང་བའི་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་དེ་སྔ་ཕྱིར་གླ་པ་རྒྱུག་བཞིན་པའི་གྲོང་མི་ཚོ་ཡང་ཕ་ཡུལ་དུ་ལོག་པ་དང་མཛེས་ལྗོངས་ཡག་པོར་བརྟེན་ནས་ཡོང་འབབ་གསོག་གི་ཡོད་ཅེས་ངོ་སྤྲོད་བྱས། ད་ཆ་རྨོག་བཀྲ་གྲོང་ཚོས་བེད་མེད་ཁང་པ་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་གཉེར་བཞིན་པའི་གྲོང་མི་7ཡོད་པ་དང་མི་10ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད། 2020ལོ་ནས་བཟུང་། གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་1000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཡོང་འབབ་ལོ་ལྟར་ཆ་སྙོམས་འཕར་ནས་མི་རེར་ཆ་སྙོམས་སྒོར་4000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
འདི་ནི་བྲག་ཡིབ་ཆུས་དགུན་ཚང་ཤང་བཅུ་འཕར་གྲོང་ཚོའི་གྲོང་མི་པད་མ་སྒྲོལ་མས་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ཆེ་མོར་གཡོག་བྱེད་བྱེད་བཞིན་པ།
འདི་ནི་ཀོང་ཏུང་གི་ཡུལ་སྐོར་བས་ཀོང་ཆས་གྱོན་ནས་དྲན་རྟེན་པར་རྒྱག་བཞིན་པ།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣