དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-04-24

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་འཐོབ་མི་སྲིད་ཅེས་བརྗོད་དོན་གང་ཡིན་ནམ།

    ལན། 《གྲོས་ཆོད》ནང“ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན། མི་རིགས་ལ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་འཐོབ་མི་སྲིད་པ་ལག་ལེན་དངོས་ལས་གསལ་བཤད་བྱས་ཡོད”ཅེས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་1921ལོར་བཙུགས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་རྩི་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱ་ཕམ་རུང་དཔའ་མ་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་ཆེན་བླངས་པ་དང་མི་རིགས་ལ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཡོད། དེའི་ཐད་གཤམ་གྱི་ཕྱོགས་གསུམ་ནས་གོ་བ་ལེན་ཆོག་པ་སྟེ།

    གཅིག ཀྲུང་ཧྭ་མི་རིགས་སྔར་འབྱུང་མྱོང་མེད་པའི་ཆག་སྒོའི་མདུན་དུ་ཏང་དབུ་མ་བརྙེས་གོང་གི་མི་རིགས་འཇིག་ཉེན་ལས་སྐྱོབ་པའི་རྒྱལ་སྐྱོབ་ཇུས་གཞི་ཚང་མ་ཕམ་ཉེས་བྱུང་ཡོད། དེར་བརྟེན་ཀྲུང་གོར་ཁ་ཚ་དགོས་གཏུགས་ཆེ་ཤོས་ནི་བསམ་བློ་གསར་པ་ཞིག་གིས་རྒྱལ་སྐྱོབ་ལས་འགུལ་ལ་སྣེ་ཁྲིད་བྱེད་དགོས་པ་དང་། ཁ་ཚ་དགོས་གཏུགས་ཆེ་ཤོས་ནི་རྩ་འཛུགས་གསར་པ་ཞིག་གིས་གསར་བརྗེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཀྱི་ཡོད། 1921ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནི་གནམ་ས་གསར་པ་བཏོད་པའི་དུས་འགྱུར་ཆེན་པོ་ཞིག་རེད། དུས་འགྱུར་ཆེན་པོ་དེས་ཉེ་རབས་ཀྱི་ཟིང་འཁྲུག་དང་གོད་ཆག་ཆེན་པོ་ཚད་མེད་ཕྲད་པའི་ཀྲུང་གོའི་མི་དམངས་ལ་འོད་སྣང་དང་རེ་བ་བྱིན་ཡོད། དེ་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་ལ་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་ལ་བདེ་སྐྱིད་བཅས་འཐོབ་ཐབས་བྱེད་པའི་འཐབ་རྩོད་ལ་རྟེན་ས་བྱུང་ནས། ཀྲུང་གོའི་མི་དམངས་ཀྱི་སྙིང་སྟོབས་ཀྱང་གཞན་རྟེན་ནས་རང་རྟེན་དུ་གྱུར་ཡོད། མར་ཁེ་སི་ལེ་ཉིང་རིང་ལུགས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བཟུང་བ་དང་འབྱོར་མེད་གྲལ་རིམ་སྲིད་ཏང་རྣམ་པ་གསར་རྐྱང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཡོད།

    གཉིས། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་གསར་བརྗེས། འབྱོར་ལྡན་གྲལ་རིམ་དང་དེའི་སྲིད་ཏང་གིས་སྣེ་ཁྲིད་པའི་དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེ་དང་། འབྱོར་མེད་གྲལ་རིམ་དང་དེའི་སྲིད་ཏང་གིས་སྣེ་ཁྲིད་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་མཚམས་གཉིས་བརྒྱུད་ཡོད། ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་འབྱོར་མེད་གྲལ་རིམ་དང་དེའི་སྲིད་ཏང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་ན། ཀྲུང་གོའི་མི་དམངས་ཀྱི་གསར་བརྗེར་རྒྱལ་ཁ་འཐོབ་མི་སྲིད་པ་མཚོན་ཐུབ། ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེར་རྒྱལ་ཁ་ལེན་ཐུབ་དོན་ནི་རྩ་བའི་རང་བཞིན་གྱི་ཉམས་མྱོང་གཅིག་ཡོད་པས་རེད། དེ་ནི་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཞིབ་ཕྲ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་འདི་རེད། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མའོ་ཙེ་ཏུང་གི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་ཡང་དག་པའི་རྩ་འཛིན་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་བཟོས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་གསར་བརྗེའི་ལམ་ཞིག་རྙེད་ཡོད། ཏང་གིས་མི་རིགས་གསར་བརྗེའི་ལས་འགན་དང་དམངས་གཙོ་གསར་བརྗེའི་ལས་འགན་ཟུང་འབྲེལ་དམ་ཟབ་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བཏོད་ཅིང་། གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་ལེན་པའི་གསར་བརྗེའི་ལམ་བུ་ཡང་དག་བཏོད་ཡོད།

    གསུམ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་གསར་བརྗེར་འགོ་ཁྲིད་བྱེད་པའི་བརྒྱུད་རིམ་དུ། ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་དང་། དགྲ་བཏུལ་གཡུལ་རྒྱལ་གྱི་མཚོན་ཆ་ནུས་ལྡན་ཞིག་བཟོས་ནས་འཐབ་ཕྱོགས་གཅིག་གྱུར་དང་། དྲག་པོའི་འཐབ་རྩོད། ཏང་འཛུགས་སྐྱོང་བཅས་ཀྱི་མཆོག་ནོར་གསུམ་གྲུབ་ཡོད། ཁྱབ་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་འཛུགས་པ་ནི་གསར་བརྗེ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པ་དང་། དེའི་འགག་རྩ་ནི་བཟོ་པའི་གྲལ་རིམ་དང་དེའི་སྲིད་ཏང་གི་འགོ་ཁྲིད་དབང་ཆ་མཐའ་འཁྱོངས་བྱས་ཏེ། བཟོ་པའི་གྲལ་རིམ་དང་འགོ་ཁྲིད་དབང་ཆ་འཕྲོག་རེས་བྱེད་མཁན་འབྱོར་ལྡན་གྲལ་རིམ་ལ་མཉམ་འབྲེལ་བྱེད་པ་དང་འཐབ་རྩོད་ཀྱང་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ་རེད། གསར་བརྗེའི་དྲག་པོའི་འཐབ་རྩོད་མཐའ་འཁྱོངས་བྱེད་པར་དྲག་པོའི་འཐབ་རྩོད་དང་ཁ་བྲལ་ན་གུང་ཁྲན་ཏང་གི་གནས་བབ་མེད་ལ་གསར་བརྗེའི་ལས་འགན་གང་ཡང་འགྲུབ་ཐབས་བྲལ། ཀྲུང་གོའི་གསར་བརྗེ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད། ཏང་གིས་བཟོ་པའི་གྲལ་རིམ་སྲིད་ཏང་གི་འགོ་ཁྲིད་གཙང་བཙན་འོག་དང་། སྒྲིག་ཁྲིམས་དམ་ནན། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བཅས་ཀྱི་མི་དམངས་ཀྱི་དམག་དཔུང་གསར་པ་ཞིག་བཙུགས་ཡོད། མི་དམངས་ཀྱི་དམག་དཔུང་འདི་འདྲ་ཞིག་མེད་ན། མི་དམངས་ལ་གང་ཡང་འཐོབ་མི་སྲིད། ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། ཀྲུང་གོ་གུང་ཁྲན་ཏང་གིས་མའོ་ཙེ་ཏུང་གི་ཏང་འཛུགས་ཕྱོགས་སྐོར་གྱི་གཞུང་ལུགས་ལ་བརྩི་སྲུང་བྱས་པ་དང་། འཐབ་རྩོད་ཡུན་རིང་བྱས་པའི་ལག་ལེན་ཁྲོད། རང་ཉིད་ལ་སྦྱོང་བརྡར་སྤྲས་ནས་སྒྲིག་ཁྲིམས་ཡོད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ། རང་སྐྱོན་རང་བརྗོད་ཀྱི་ཐབས་ཤེས་སྤྱོད་པ། མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་བཅས་ཀྱི་ཏང་ཞིག་ཏུ་གྱུར་པར་བྱས་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་དྲག་པོའི་འཐབ་རྩོད་ཀྱི་མཚོན་ཆ་འདི་གཉིས་བཟུང་སྟེ། དགྲ་བོར་གདོང་མཆོང་གཡུལ་འཐབ་བྱེད་མཁན་གྱི་དཔའ་ངར་ལྡན་པའི་འཐབ་འཛིང་པ་ཞིག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུའང་གྱུར་ཡོད།

    ཁྲག་བཏོན་དམར་འཛིང་བྱས་པའི་ལོ་28རིང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱབ་སྟེ་སྒྲིག་ཆས་ཡག་པོ་དང་གདུག་རྩུབ་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དགྲ་བོ་ཕམ་ཉེས་སུ་བཏང་ནས་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ཏེ། མཐར་རྒྱལ་ཡོངས་ཀྱི་སྲིད་དབང་ལེན་པའི་ཐད་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ། མི་རིགས་ལ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་རེད། གསར་བརྗེའི་འཐབ་རྩོད་ཡུན་རིང་བྱེད་རིང་བསྲེགས་བཅད་བརྡར་གསུམ་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་སོང་ཞིང་། ཐོག་མའི་དུས་ཀྱི་ཏང་ཡོན་50ལྷག་ཙམ་ལས་མེད་པའི་ཏང་ཞིག་ནས་1949ལོའི་ཟླ་9བར་ཏང་ཡོན་ཁྲི་448ལྷག་ཙམ་ཡོད་པའི་རྒྱལ་ཡོངས་སུ་ཁྱབ་པའི་མང་ཚོགས་རང་བཞིན་གྱི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ཀྲུང་གོར། གལ་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་ལ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་འཐོབ་མི་སྲིད་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།