དབུ་ཤོག>ཆེད་སྒྲིག
  • ལམ་བུ་ཤར་གཏོང་ཐུབ་པས་དམངས་སེམས་སྐྱིད། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཐོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-24

    རྣམ་གླིང་རྫོང་དུ་སྐྱོད་སྐབས་སྣུམ་ནག་ལམ་རི་ཚོགས་ཁྲོད་ཤར་གཏོང་ཐུབ་པ་དང་། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”རེ་རེ་ལས་གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་དང་ཞིང་པ་སྔར་བས་ཕྱུག་པོར་གྱུར་ཡོད། “གཞུང་ལམ་ཤར་གཏོང་ཐུབ་པས་ང་ཚོའི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཐོན་ལས་འཕེལ་རྒྱས་ལའང་སྐུལ་ཁྲིད་ཐུབ་ནས། ང་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་སོང”ཞེས་རྣམ་གླིང་རྫོང་མཁར་རྩེ་ཤང་གི་མང་ཚོགས་དགྲ་འདུལ་གྱིས་བཤད།

    གྲོང་གསེབ་ཀྱི་གཞུང་ལམ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་རྨང་གཞིའི་རང་བཞིན་དང་། སྔོན་ཁྲིད་ཀྱི་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཅིག་རེད། རྣམ་གླིང་རྫོང་གི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་གཏོང་བ་རང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱས་པའི་བསྡུས་རིས་ཤིག་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རིམ་རྩིས་ལྟར་ན། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་941བཏང་ནས། གྲོང་གསེབ་ཏུ་གཞུང་ལམ་གསར་པ་སྤྱི་ལེ་ཁྲི་3.82(སྒྱུར་བཅོས)བསྐྲུན་ཡོད། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་ཀྱི་75%བཟུང་བ་དང་། ཤང་དང་གྲོང་རྡལ་280དང་སྒྲིག་ཚུད་གྲོང་ཚོ་2974ལ་ཨར་འདམ་ལམ་བཏིང་ནས། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་94.55%དང་77.94%ཟིན་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཡུན་རིང་ཐག་གཅོད་ཐུབ་རེ་ཆེ་ཤོས་བྱེད་པའི་འགྲིམ་འགྲུལ་ཕྱིར་སྐྱོད་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་གང་དུ་ཤར་གཏོང་ཐུབ་ཚེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གང་དུ་མཐོང་རྒྱུ་ཡོད། ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་སྟབས་བདེ་ཡོང་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་སྤྱོད་རླངས་འཁོར་ཀུང་སི་ཞིག་བཙུགས་ནས། གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་20ཉོས་པ་དང་སྒྲིག་ཚུད་གྲོང་ཚོ(རང་བྱུང་ཚོགས་ཆུང)30ལ་ཁྱབ་པའི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་6བཟོས་ནས། སྟོད་ལུང་བདེ་ཆེན་ཆུས་ནང་ཁུལ་དུ“སྒོར་གཅིག་ཀུན་འཐུས”ཀྱི་སྤ་སེའི་རིན་གོང་ལག་ལེན་བསྟར་བ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཀྱི་བྱེད་སྟངས་དེས་རང་ལྗོངས་ཀྱི་ས་གནས་ཁག་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། ད་ཆ་རང་སྐྱོང་ལྗོངས་ཀྱི་འགྲུལ་སྐྱེལ་ལམ་ཐིག་གི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད། མིག་སྔའི་བར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་317བཏོད་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཉེར་སྐྱོང་ལ་ཞུགས་པའི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་369ཟིན་པ། རྫོང(ཆུས)74ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཤང་དང་གྲོང་རྡལ་500ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་73%ཟིན་པ་དེ་2015ལོ་ལས་18%འཕར་ཡོད། སྒྲིག་ཚུད་གྲོང་ཚོ་2259ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་43%ཟིན་པ་དེ་2015ལོ་ལས་14%འཕར་ཡོད་པ་རེད། ལྗོངས་ཡོངས་སུ་རིམ་ལྡན་འགྲུལ་སྐྱེལ་བབས་ཚུགས་75ཡོད་པ་ལས། རིམ་པ་དང་པོའི་བབས་ཚུགས་6དང་། རིམ་པ་གཉིས་པའི་བབས་ཚུགས་9 རིམ་པ་གསུམ་པའི་བབས་ཚུགས་60བཅས་ཡོད་པ་དང་། གཞན་ཡང་སྟབས་བདེའི་བབས་ཚུགས་དང་དེ་བཞིན་འབོད་བསུའི་བབས་ཚུགས་368ཡོད་པས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད་པ་རེད།

    གཞུང་ལམ་ཇི་ཙམ་བསྐྲུན་ན་དེ་ཙམ་གྱིས་ཡག་པ་ཡོད་པ་དང་། དོ་དམ་བྱེད་སྟངས་ཀྱང་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་དོ་དམ་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས《“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་དེ་བཞིན་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་དོ་དམ་བྱ་ཐབས་དང་། ཚད་གཞི་ཅན་གྱི་ཇུས་འགོད་ཕྱོགས་སྟོན། ལས་མཇུག་འགྲིལ་བའི(རྩིས་སྤྲོད)ཞིབ་བཤེར་རྩིས་ལེན་ལས་དོན་གྱི་དོ་དམ་བྱ་ཐབས། ཡིད་རྟོན་གདེང་འཇོག་དོ་དམ་བྱ་ཐབས་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་བཏོན་ཡོད་པ་རེད།

    དེ་སྔ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གདགས་རོང་ཤང་ནས་རྫོང་གྲོང་བར་སྐྱོད་པའི་ལམ་བུ་གུ་དོག་པས་ཆུ་ཚོད་གཉིས་དང་ཕྱེད་ཀ་ལྷག་ཙམ་འགོར་གྱི་ཡོད། གངས་ཆར་སོགས་གནམ་གཤིས་ངན་པ་སྟོན་སྐབས་དུས་ཚོད་དེ་བས་རིང་བ་དགོས་ལ། རི་ཉིལ་བ་དང་རྡོ་ལྷུང་བའི་གནས་ཚུལ་ཡང་ཐོན་སྲིད་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད། ད་ཆ་ཤིང་གདགས་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག ལམ་ངོས་ཀྱི་རིམ་པ་མཐོ་རུ་བཏང་བ་དང་སྤུས་ཚད་ལེགས་སུ་བཏང་བས་ལམ་ཐག་ཆུ་ཚོད་གཅིག་ཐུང་དུ་ཕྱིན་ཡོད། ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་ཀྱི་ཁ་ལོ་བས་རྒྱུན་དུ་སེམས་ཁྲལ་བྱེད་པའི་གངས་ཆར་འབབ་པའི་དུས་ཚིགས་སུ་ལམ་འགག་པ་སོགས་ཀྱི་དཀའ་ངལ་ཐག་གཅོད་ཐུབ་ནས་ཤར་བགྲོད་ཀྱི་བདེ་འཇགས་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་ཕྱིན་ཡོད།

    གཞུང་ལམ་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེས་རང་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས། ཟོག་འགྲེམས་ལས་རིགས་སྣུར་སྲིང་བཅས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན་བཅས་ལ་ཞུགས་མཁན་དང་། ལྟ་སྐུལ་བྱེད་མཁན། ཕན་པ་འཐོབ་མཁན་བཅས་སུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།