རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་4ཚེས་18ཉིན་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ལྗོངས་ཆུ་བེད་ཐིང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་སྤྲོའི་ངང་བསུ་བ་དང་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཤིང་འཛུགས་ནགས་བཟོ་བྱས་ནས་ཉམས་འགྱུར་མངོན་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་སྣེའུ་ཟམ་ཆེན་ཤར་མའི་ཤིང་འཛུགས་བྱ་ཡུལ་དུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་མཁན་གྱི་ལས་བྱེད་ལས་བཟོ་70ལྷག་ཙམ་གྱིས་ལྕང་སོན་འཛུགས་པ་དང་། ས་རྒྱོང་བ། ཆུ་རྒྱག་པ་སོགས་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད། ཚ་ཚ་འུར་འུར་ངང་ལས་ཀ་བྱས་པ་བརྒྱུད་ཤིང་འཛུགས་བྱ་ཡུལ་དུ་སྡོང་ཕྲུག་500ལྷག་ཙམ་བཙུགས་པ་རེད།
བྱེད་སྒོར་ཞུགས་མཁན་ལས་བྱེད་པ་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེས་ལྷ་སར་སྔོ་ལྗང་གསར་སྣོན་བྱས་པ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། ལས་བྱེད་ལས་བཟོའི་ཤིང་འཛུགས་འོས་འགན་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་ཡོད། སླད་ཕྱིན་ང་ཚོས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དར་སྤེལ་དང་ལག་ལེན་བ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།