དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག“རྟག་ཏུ་མཛེས་པོ”ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-18

    ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གིས་མ་དངུལ་སྒོར་ཁྲི་9.8བཏང་ནས་འཕྲུལ་ཆས་20ལྷག་ཙམ་དང་མང་ཚོགས་མི་ཐེངས་280སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་འཚོ་བའི་གད་སྙིགས་སྤུངས་ས་22གཙང་སེལ་བྱས་ཤིང་། ཏུན་3600ལྷག་ཙམ་ཟིན་པའི་གད་སྙིགས་སྣ་ཚོགས་རླངས་འཁོར་གྱིས་ཐེངས་180ལྷག་ཙམ་དབོར་བ་རེད།

    ཉེ་བའི་ལོ་ཤས་རིང་། གདོང་དཀར་ཤང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། “ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་ཅན”དམིགས་ཚད་དུ་བྱས་ནས《སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་ཀའི་ཇུས་གཞི》བཟོས་པ་དང་། རྒྱུན་རྣམ་ཅན་གྱི་དམིགས་འཛུགས་ལྟ་ཞིབ་ཞིབ་བཤེར་བྱས་ནས་གཙང་མ་དང་། གྲལ་འགྲིག་པ། ཡ་རབས། སྐྱིད་སྣང་དོད་པ་བཅས་ཀྱི་སྡོད་མལ་ཁོར་ཡུག་བཏོད་དེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག“རེ་ཞིག་མཛེས་པ”ནས“རྟག་ཏུ་མཛེས་པར”སྐུལ་འདེད་ཧུར་ཐག་བཏང་བ་རེད། ཤང་དེས“ངས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་བའི”སྤྱི་ཕན་བྱེད་སྒོ་གོ་སྐབས་སུ་བྱས་ནས། སྲིད་འཛིན་གྲོང་ཚོ་28ཀྱི་གད་སྙིགས་སྦེད་ས་གཙོ་གནད་རྒྱ་སྐྱེད་དང“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏིང་ཟབ་བཏང་བ་རེད། དེ་དང་ཆབས་ཅིག་ཤང་དེས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐར་པར་གཏན་ནས་བཏང་མེད་ཅིང་། ན་ནིང་ནས་བཟུང་གང་བྱུང་དུ་སྔོག་འཐུ་བྱེད་པའི་གྱོད་གཞི་1ཞིབ་བཤེར་ཐག་གཅོད་བྱས་པར་དངུལ་ཆད་སྒོར་6000བཅད་པ་དང་། གྱོད་གཞི་ཐོན་ཡུལ་གྱི་དེ་སྔའི་རྣམ་པ་སླར་གསོ་བྱས་པ། གང་བྱུང་དུ་འཛུགས་སྐྲུན་བྱེད་པའི་གྱོད་གཞི་6ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། དུས་བཀག་ནང་བཤིག་ཏུ་བཅུག་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།